བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ཆོས་ལུགས་བྱུང་འཕེལ་སྐོར་གླེང་བ།
རྩོམ་པ་པོ།  པད་མ་རྒྱལ།     སྤེལ་དུས།  2013-11-29 17:39:12    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ཆོས་ལུགས་བྱུང་འཕེལ་སྐོར་གླེང་བ།

                           པད་མ་རྒྱལ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་ཆོས་ལུགས་རིག་པ་དང་སྤྱི་ཚོགས་ཆོས་ལུགས་རིག་པའི་མཐོང་སྣེ་སྤྱད་དེ་བོད་བཙན་པོའི་སྐབས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་ཐོག་མར་ཇི་ལྟར་དབུ་བརྙེས་པ་དང་། བར་དུ་ཅིའི་ཕྱིར་དར་སྤེལ་དུ་སོང་བ། མཐའ་མར་རྒྱུ་གང་ཞིག་གིས་ནུབ་པ་སོགས་ལ་རང་བློས་དཔྱད་པ་བཏང་ཡོད།
བརྡ་ཆད་གཙོ་བོ། བསྟན་པ་སྔ་དར། བོད། ཆོས་ལུགས། བྱུང་འཕེལ།
                                                             གླེང་གཞི།
    རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་མགོ་བརྩམས་པ་ནས་བཟུང་བོད་རང་སའི་ཆོས་ལུགས་ཏེ་བོན་ཆོས་དང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་གཉིས་དབར་འགལ་བ་བྱུང་སྟེ། དུས་ཡུན་རིང་པོའི་ནང་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱས། བོད་བཙན་པོའི་སྐབས་སུ་བོན་ཆོས་ཀྱི་སྟོབས་ཤུགས་ཤིན་ཏུ་ཆེ་བས་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱིས་བོན་ལ་བསྟུན་ཅི་ཐུབ་བྱས་པ་དང་། ཆོས་ལུགས་དེའི་ནང་དོན་མང་པོ་ཞིག་རང་གི་ཁུངས་སུ་བསྡུ་སྒྲིག་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཙུགས། བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་བཟུང་རྒྱ་གར་ནས་དར་བའི་སངས་རྒྱས་ཆོས་ལུགས་དེ་བོད་མི་རིགས་ཀྱི་ཆོས་ལུགས་སུ་གྱུར་མགོ་ཚུགས་ཏེ། མི་རིགས་སྤྱིའི་ཐུན་མོང་གི་བསམ་འཁྱེར་དང་གཤིས་སྤྱོད་ཅིག་ཆགས་མགོ་བརྩམས། འོན་ཀྱང་སྤྱི་ཚོགས་ལོ་རྒྱུས་ནི་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། ཆོས་ལུགས་ཀྱི་འཕེལ་རྒྱས་དེ་སྤྱི་ཚོགས་ཀྱི་འགྲོས་དང་མ་མཐུན་པའམ། ཡང་ན་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་མ་ཐུབ་ཚེ་ཕན་ཚུན་འགལ་བར་འགྱུར་ངེས། འུ་དུམ་བཙན་གྱིས་སྲིད་བཟུང་བའི་དུས་སྐབས་དེར་ཆོས་ལུགས་དང་སྤྱི་ཚོགས་འཚོ་བའི་བར་འགལ་བ་བྱུང་བས་བཙན་པོ་འུ་དུམ་བཙན་གྱིས་སྐབས་དེའི་གནས་ཚུལ་ལ་བཅོས་སྒྱུར་བྱ་བར་དམིགས་ཏེ་ལས་དོན་མང་པོ་ཞིག་བསྒྲུབས་མོད། ནང་བསྟན་ཆོས་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་བའི་ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་བཀྲོངས། ཁོ་བོས་ཆོས་ལུགས་རིག་པ་དང་སྤྱི་ཚོགས་ཆོས་ལུགས་རིག་པའི་མཐོང་སྣེས་བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ཆོས་ལུགས་ཀྱི་བྱུང་འཕེལ་ལ་དཔྱད་པ་བཏང་ཡོད་དོ།།
                                         རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཐོག་མར་བོད་དུ་དབུ་བརྙེས་པ།
    བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་ནས་ཐོག་མར་དབུ་བརྙེས་པའི་དུས་སྐབས་ནི་སྤུ་རྒྱལ་བཙན་པོའི་གདུང་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་དེར་ངོས་འཛིན་གྱིན་ཡོད། 《བུ་སྟོན་ཆོས་འབྱུང》དུ“ལྷ་ཐོ་ཐོ་རི་གཉན་བཙན་བྱོན་པའི་ཚེ་དགུང་ལོ་དྲུག་ཅུ་ཐུབ་པ་ན། ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པ་ན་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབ་པ་ཁ་ཕྱེ་བས་ཟ་མ་ཏོག་བཀོད་པ་དང་། དཔང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཞིག་བྱུང་སྟེ། མིང་གཉན་པོ་གསང་བར་བཏགས་ཏེ་མཆོད་པའི་ལོ་བརྒྱ་ཉི་ཤུར་ཐུབ་སྟེ་དམ་པའི་ཆོས་ཀྱི་དབུ་བརྙེས་་་” ཞེས་བརྗོད་ཡོད། འོན་ཀྱང་སྐབས་དེར་ད་དུང་བོད་ཀྱི་སྲིད་དང་འབངས་ཀྱི་འཚོ་བ་ནི་བོད་རང་སའི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་ཆོས་ཀྱིས་སྐྱོང་བཞིན་ཡོད་རྐྱེན། ཆོས་དེ་རྣམས་བོན་དར་བའི་སྔ་ལྟས་ཡིན་པར་བཤད། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དུ“རྒྱལ་པོ་དེའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ལགས་ཏེ། ཕོ་བྲང་ཡུན་བུ་ལྷ་སྒང་གི་སྐུ་མཁར་གྱི་སྟེང་ན། དགུང་ལོ་དྲུག་ཅུ་བཞེས་པ། མུ་འགྲམ་ས་སོང་བ་ཞིག་གདུགས་ལ་བཞུགས་པ་ལ། ནམ་མཁའ་ནས་ཚུར་ལ་ཉི་མའི་འོད་ཟེར་དང་འགྲོགས་ནས་འོད་ཟེར་སྣ་ལྔའི་སྣ་ལ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོག་བབས་སུ་བྱོན་པ་ལས། དེ་རྒྱལ་པོའི་ཁ་ཕྱེ་ནས་གཟིགས་པ་གླེགས་བམ་ཞིག་འདུག་སྟེ། དེ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བ་ཞིག་འདུག་སྟེ། དེ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བ་ཞིག་འདུག་གོ ། སྤྲུལ་པ་ཡིན་པར་ནི་ཤེས་ཏེ་གཉན་ཞིང་ཡིད་དུ་འོང་བས་ལེགས་ཤིང་བསྟོད་པའི་གནས་སུ་གོ་ནས། ཟ་ཏོག་དེ་གསེར་དངུལ་ལས་བྱས་པའི་ཁྲིའི་སྟེང་དུ་བཞག་སྟེ་བཞུགས། རྒྱུའི་བོན་རྣམས་ན་རེ། བོན་དར་འགྲོ་བའི་རྟགས་ཡིན་པས་བོན་ལུགས་སུ་མཆོད་ཟེར་ནས། ཞག་རེ་ལ་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པ་བྱེད་དོ།” ཞེས་པ་ལས་གསལ་བོར་ཤེས་ཐུབ་ཅིང་། ང་ཚོས་ཞིབ་དུ་བསམ་ན་མདོ་སྡེ་ཟ་མ་ཏོག་དང་དཔང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་སོགས་ནི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་པ་ཚོས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་ནས་དར་སྤེལ་དུ་གཏོང་བར་དམིགས་པའི་ལས་ཀྱི་སྦྱོར་བ་ཞིག་ཡིན་པ་ཤེས་ཐུབ། དེ་《 དེབ་ཐེར་སྔོན་པོར》ཡང་“ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཙིནྟ་མ་ཎིའི་གཟུགས་དང་། སྤང་བཀོང་ཕྱག་བརྒྱ་བ་ལ་སོགས་པ་ནམ་མཁའ་ནས་བབས་ཤིང་། དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ཞེས་གྲགས་པ་ལ། ནེལ་པ་པཎྚི་ཏ་ན་རེ། བོན་པོ་ནམ་མཁའ་ལ་དགའ་བས་ནམ་མཁའ་ནས་བབས་ཟེར་བ་བོན་གྱི་གཏམ་ཡིན་གྱི། དོན་ལ་པཎྚི་ཏ་བློ་སེམས་འཚོ་དང་། ལོ་ཙྰ་བ་ལི་ཐེ་སེས་ཆོས་དེ་དག་ཁྱེར་འོངས་པ་ལ།” ཞེས་པས་སོ། །འོན་ཀྱང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སྐབས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་ཆ་རྐྱེན་འཛོམས་མེད་ལ། སྲིད་ཀྱི་དབང་ཆ་ཡང་སྔར་བཞིན་བོན་གྱིས་བཟུང་ཡོད་དེ། སྤུ་རྒྱལ་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་རྒྱལ་པོར་བསྐོ་བའི་ཤེས་པ་ཅན་མི་བཅུ་གཉིས་ཏེ་མགོན་ཤེས་ལྷ་བོན་དང་། གཡང་ཤེས་ཕྱྭ་འདོད། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤིན། གཙང་ཤེས་གསལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན། ལྟོ་ཤེས་རྩིས་མཁན། སྒྲ་ཤེས་གཏོ་མཁན། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་རྣམས་ནི་རྒྱུའི་བོན་པོའི་ཤེས་པ་ཅན་བཅུ་གཉིས་ཡིན། ཆོས་ལུགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མར་མི་རེ་རེ་ཆོས་བྱེད་མི་སྣ་ཡིན་པའི་དུས་རིམ་ཞིག་བརྒྱུད་ཡོད་ལ་དེ་ནས་རིམ་བཞིན་ཆེད་ལས་རང་བཞིན་གྱི་མི་སྣ་བྱུང་ཞིང་། དེས་ཆེད་དུ་ཚོ་ཁག་གམ་རྒྱལ་ཕྲན་གཅིག་གི་ཆོས་ཕྱོགས་ཀྱི་བྱ་ལས་གཉེར་བའི་དུས་རིམ་ཞིག་བརྒྱུད་མྱོང་ཡོད། བོད་ཀྱི་ལོ་རྒྱུས་སྟེང་གཉའ་ཁྲི་བཙན་པོར་བསྐོ་མཁན་གྱི་ཤེས་པ་ཅན་བཅུ་གཉིས་ནི་སྐབས་དེའི་ཆེད་ལས་རང་བཞིན་གྱི་ཆོས་བྱེད་མི་སྣའམ་ཤེས་འཇོན་ཅན་བཅུ་གཉིས་ཡིན་པར་འདུག་ལ། ཁོ་ཚོས་གཉའ་ཁྲི་བཙན་པོར་བསྐོས་རྗེས་སྲིད་ཀྱི་དབང་ཆ་རྣམས་ཁོ་ཚོས་བཟུང་ཡོད་པར་ངེས་ཏེ། འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུས་ཡུན་ངེས་ཅན་ཞིག་གི་ནང་སྲིད་ཀྱི་དབང་ཆ་དེ་ཆོས་ཕྱོགས་མི་སྣས་བཟུང་ཡོད་པས་ཡིན། བོན་གྱི་ཤེས་པ་ཅན་བཅུ་གཉིས་ནི་སྤུ་རྒྱལ་བཙན་པོའི་སྲིད་དབང་གཅིག་གྱུར་མ་བྱུང་བའི་ཡར་སྔོན་གྱི་རྒྱལ་ཕྲན་ནམ་ཚོ་ཁག་བཅུ་གཉིས་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོ་ཡིན་པར་ངེས། དེ་ནས་གཉའ་ཁྲི་བཙན་པོས་ཡར་ཀླུང་གི་སྲིད་དབང་བཙུགས་ཏེ་སྲིད་འཛིན་གྱི་སྒྲིག་གཞི་འཛུགས་སྐབས་བཙན་པོའི་སྐུ་མདུན་དུ་བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང་འཚེ་མི་གཤེན་གྱི་བུ་རྒྱལ་ཚ་གཉིས་ཡོད་ལ། དེ་གཉིས་ཀྱིས་བཙན་པོའི་ཆོས་དང་རིམ་གྲོ་བསྒྲུབས། བཙན་པོའི་སྐུ་མདུན་དུ་སྐུ་གཤེན་རེ་ཡོད་པའི་སྲོལ་དེ་སྤུ་རྒྱལ་བཙན་པོ་གནམ་རི་སྲོང་བཙན་བར་དུ་དར་ཡོད། སྐུ་གཤེན་དག་གིས་བཙན་པོའི་ཆོས་སྒྲུབ་པར་མ་ཟད་དོན་གནད་གལ་ཆེན་དག་ལ་འཕྲད་དུས་ཁོ་ཚོས་པྲ་མོ་ལ་བརྟག་ནས་སྲིད་ཀྱི་དོན་ཆེན་དག་ལ་ཐད་ཀར་དུ་ཐེ་གཏོགས་བྱེད་བཞིན་ཡོད། དེ་བས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་ཡོངས་སུ་གྲགས་མོད། ང་ཚོས་ལོ་རྒྱུས་ཆོས་འབྱུང་རྣམས་གུང་བསྒྲིགས་ནས་དཔྱད་པ་བཏང་ཚེ་སྐབས་ཐོག་བོན་ཆོས་ཀྱིས་བཙན་པོའི་སྲིད་དབང་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ཅིང་། བོན་ཆོས་ནི་རྒྱལ་བློན་ཀུན་གྱི་བསམ་བློའི་རྒྱགས་ཕྱེ་ཡིན་པས་ལྷ་ཐོ་ཐོ་རི་གཉན་བཙན་དུས་ནས་བཙན་པོ་སྲོང་བཙན་སྒམ་པོའི་བར་དུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་གླགས་བྱུང་མེད།
    བཙན་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་ལ་ཆབ་འོག་གི་འབངས་མིས་དུག་བོར་ནས་བཀྲོངས་ཤིང་བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག། གཉེན་ཞང་ཞུང་། མཛོ་སུམ་པ། ཉང་ཉྀ་དགས་པོ། རྐོང་པོ། མྱང་པོ་ཀུན་ཀྱང་ལོག་ཅེས་ཡབ་མེས་ཀྱི་རིང་ལ་གཅིག་གྱུར་མཛད་པའི་རྒྱལ་ཕྲན་དང་ཚོ་ཁག་རྣམས་ཀྱིས་ངོ་ལོག་བྱས། དེ་ནས་བཙན་པོ་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་རྗེས་མཐའ་འཁོར་གྱི་ཚོ་ཁག་མང་པོ་སླར་དབང་དུ་བསྡུས་ཤིང་བཀའ་གྲོས་ཆེན་པོ་དྲུག་དང་བཀའ་ཁྲིམས་དྲུག ཁོད་དྲུག ཡིག་ཚང་དྲུག ཕྱག་རྒྱ་དྲུག དཔའ་རྟགས་དྲུག ད་དུང་མི་ཆོས་གཙང་མ་བཅུ་དྲུག་དང་དགེ་བ་བཅུ་སོགས་ཀྱི་ཁྲིམས་བཟོས་ནས་སྲིད་ཀྱི་སྒྲིག་གཞི་སྔར་ལས་འཐུས་ཇེ་ཚང་དུ་བཏང་བ་དང་། ཐོན་མི་སམ་བྷོ་ཊས་བོད་ཀྱི་ཡི་གེ་གཅིག་གྱུར་མཛད་ཅིང་། རྒྱ་དང་བལ་གྱི་ཡུལ་ནས་ཀོང་ཇོ་ཁབ་ཏུ་བཞེས་ཏེ་མཐའ་འབྲེལ་གྱི་རྒྱལ་ཁམས་དང་འབྲེལ་བ་བཙུགས་ནས་རྒྱལ་ཁམས་དར་བར་མཛད། དེར་མ་ཟད་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དར་རྒྱས་སུ་འགྲོ་བར་ཡང་མཛད་རྗེས་ཆེན་པོ་བཞག་ཡོད་དེ། 《དེབ་ཐེར་སྔོན་པོར》“ཐོན་མིས་མདོ་སྡེ་དཀོན་མཆོག་སྤྲིན་བསྒྱུར། གཞན་ཡང་རྒྱལ་པོས་ཆོས་ཀྱི་བདག་པོ་མཛད་ནས། སྤྱན་རས་གཟིགས་ཡི་གེ་དྲུག་མ་དང་། འཕགས་པ་གཤིན་རྗེའི་གཤེད་དང་ཆོས་སྐྱོང་མགོན་པོ་དང་། ལྷ་མོ་ལ་སོགས་པ་རྣམས་ཀྱི་ཆོས་སྣ་མང་དུ་གསུངས། དེས་མང་པོར་བསམ་གཏན་བསྒོམ་དུ་བཅུག་ནས་རྫུ་འཕྲུལ་ཐོབ་པ་མང་དུ་ཡོད་པར་སྣང་། སྒོམ་གནས་ཀྱང་མང་དུ་བཙུགས། དབུས་ཀྱི་ཁྲ་འབྲུག་དང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཡང་མང་དུ་བཞེངས། བཙུན་མོ་གཉིས་པོས་ཀྱང་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས། གསོད་པ་དང་བརྐུ་བ་དང་། བྱི་བྱེད་པ་རྣམས་ལ་ཆད་པ་དང་བཅས་པའི་ཁྲིམས་ལེགས་པར་བཅས། འབངས་རྣམས་ལའང་ཡི་གེ་དང་། མི་ཆོས་བཅུ་དྲུག་ལ་སོགས་པའི་ཆོས་ལུགས་ལེགས་པར་བསླབ་སྟེ།” ཞེས་གསུངས་ཡོད་པ་དང་། ཡང《བུ་སྟོན་ཆོས་འབྱུང》 དུ“རྒྱ་མོ་ཀོང་ཇོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་སོ། དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མཧྰ་དེ་ཝ་ཚེ་དང་། ལོ་ཙྰ་བ་ཐོན་མི་སམ་བྷོ་ཊ་དང་། དེའི་མཆན་བུ་ངྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་བོ།” ཞེས་བརྗོད་ཡོད། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་སྤུ་རྒྱལ་བཙན་པོའི་སྲིད་ཀྱི་མངའ་ཐང་ཇེ་རྒྱས་སུ་སོང་བར་བརྟེན་ནས་སྲོང་བཙན་སྒམ་པོས་སྤྱི་ཚོགས་དེ་དང་མཐུན་པའི་གཞུང་ཞིག་དགོས་པ་དང་། ཡང་སྲོང་བཙན་གྱི་ཡབ་གནམ་རི་སྲོང་བཙན་གྱིས་མཐའ་འཁོབ་ཀྱི་རྒྱལ་ཕྲན་ནམ་ཚོ་ཁག་འགའ་ཆབ་འོག་ཏུ་བསྡུས་མོད། མཐར་འབངས་ཀུན་ལོག་ཅིང་བཙན་པོར་དུག་དྲངས་ནས་བཀྲོངས་པའི་རྐྱེན་གཙོ་བོ་ནི། ཡབ་ཀྱིས་དབང་འོག་ཏུ་བསྡུས་པའི་བློན་འབངས་རྣམས་ཀྱི་འདུ་ཤེས་དང་བསམ་འཁྱེར་གོང་བུ་གཅིག་ཏུ་སྦྲེལ་མེད་པས། ལོ་རྒྱུས་ཀྱི་ཉམས་མྱོང་རྣམས་བསྡུས་ཏེ་ཆབ་འབངས་ཀུན་ལ་གཅིག་གྱུར་གྱི་འདུ་ཤེས་དང་དད་མོས་ཤིག་བསྐྲུན་དགོས་པར་དགོངས།
     སྤྱིར་བཙན་པོ་སྲོང་བཙན་སྒམ་པོས་སྲིད་ཀྱི་འགན་བཞེས་རྗེས་ཁོའི་བསམ་འཆར་དང་དག་སྣང་གི་ཆ་ནས་བོན་ཆོས་ལ་དད་ཅིང་ཞེན་པའི་བློ་ལ་འགྱུར་བ་བྱུང་མེད་ཀྱང་སྲིད་མོད། འོན་ཀྱང་ཁོང་ཉིད་ཀྱིས་གཅིག་གྱུར་གྱི་སྤུ་རྒྱལ་བཙན་པོའི་སྲིད་དབང་ཞིག་འཛུགས་པར་ཐོག་མར་དམངས་རྣམས་ཀྱི་བསམ་པའི་འདུ་ཤེས་གོང་བུ་གཅིག་ཏུ་བསྡུ་དགོས་པ་དང་ཀུན་གྱིས་དང་ལེན་བྱ་བའི་རིག་གནས་ཀྱི་མ་ལག་གསར་བ་ཞིག་དགོས་པའི་ངེས་ཤེས་སྐྱེས་ཏེ། མཐར་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བསྒྲིགས་ནས་ལག་བསྟར་བྱས་ཏེ་ཡུལ་སྡེ་སོ་སོ་དང་འབངས་ཐམས་ཅད་ཀྱི་འདུ་ཤེས་གོང་བུ་གཅིག་ཏུ་སྦྲེལ་ཏེ། བཙན་པོའི་སྲིད་དབང་སྲ་བརྟན་དང་མི་ནུབ་ཡུན་རིང་དུ་བདེ་ལ་འགོད་པར་བརྩོན། བཙན་པོ་འདིའི་སྐུ་རིང་ལ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་སྤེལ་ཐུབ་པའི་ཕྱི་རྐྱེན་ནི་མཐའ་འབྲེལ་རྒྱལ་ཁམས་དང་འབྲེལ་བ་བྱུང་བས་ཡིན་ལ། ནང་གི་རྐྱེན་ནི་སྐབས་དེའི་བོད་ཀྱི་ཆོས་ལུགས་དེ་བོད་བཙན་པོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མ་མཐུན་ཞིང་། བཙན་པོའི་སྲིད་སྐྱོང་བར་ཡང་རམ་འདེགས་བྱ་མ་ཐུབ་པས་ཡིན། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་བོད་དུ་ཕྱེ་བ་ནས་བཟུང་ཆོས་ཁྲིམས་རྣམས་རྒྱལ་ཁྲིམས་སུ་བཅོས་ནས་ཆོས་སྒྲུང་ལྡེའུ་གསུམ་གྱིས་བཙན་པོའི་སྲིད་བསྐྱངས་ཏེ། འབངས་ཡོངས་ཀྱི་ཀུན་སྤྱོད་དང་། བསམ་འཆར། རིག་གནས་ཀྱི་མ་ལག་གསར་བ་ཞིག་ཆགས་མགོ་བརྩམས། དེ་བས་བཙན་པོའི་སྲིད་དབང་ནང་ཁུལ་དུ་སྲིད་འཛིན་མི་སྣ་དང་ཤེས་ལྡན་མི་སྣ་སྐོར་ཞིག་གིས་རྒྱ་གར་ཐུབ་པའི་ཆོས་ལུགས་ཀྱི་ཕྱོགས་སུ་བློ་གཏད་ཅིང་། སྐོར་ཅིག་གིས་བོད་ཀྱི་གདོད་མའི་ཆོས་ལུགས་བོན་ཆོས་ཀྱི་ཁ་འཛིན་བྱས་ནས་ཕན་ཚུན་དབར་ཁྱོད་ཤི་ང་གསོན་གྱིས་འཐབ་འཛིང་སྔར་ལས་ཇེ་དྲག་ཏུ་གྱུར། ཕྱིའི་རྣམ་པའི་སྟེང་དེ་ནི་རིག་གནས་མི་འདྲ་བ་གཉིས་ཀྱི་འཐབ་རྩོད་ཡིན་མོད། དོན་དམ་པར་སྲིད་འཛིན་ཕྱོགས་ཁག་གཉིས་ཀྱིས་སྲིད་དབང་འཕྲོག་རྩོད་བྱ་བའི་འཐབ་འཛིང་ཞིག་ཏུ་གྱུར། དེའི་རྐྱེན་གྱིས་བཙན་པོ་སྲོང་བཙན་སྒམ་པོའི་འདས་རྐྱེན་ལ་ཡང་བོན་གྱི་བསྟན་འབྱུང་ལོ་རྒྱུས་སུ་སྲོང་བཙན་བོན་ལ་སྡང་བས་དགུང་ལོ་སོ་དྲུག་ལས་མ་ཐུབ་ཅེས་བརྗོད་ཡོད་པ་ལྟར་ཡིན། བཙན་པོ་སྲོང་བཙན་སྒམ་པོའི་རྗེས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཐུབ་མེད་ལ། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་ལྷ་ས་མཁར་བྲག་དང་། མཆིམས་ཕུ་གནམ་སྲལ། དར་འཕུར་མཁར་ལྷག མདོ་སྨད་དུ་ལིང་ཆུ་ཁྲི་རྩེ། བྲག་དམར་དུ་སྐ་ཆུ་ཤར་སྒོ། འཕང་ཐང་ཀ་མེད། ཀ་ཆུ་བན་ཆུང་། བྲག་དམང་མགྲིན་བཟང་ལ་སོགས་པ་བཞེངས་པ་དང་། བྲན་ཀ་མུ་ལ་ཀོ་ཤ་དང་གཉགས་ཛྙཱ་ན་ཀུ་མཱ་རས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་གཉིས་བསྒྱུར་བ་སོགས་ལས་དམ་པའི་ཆོས་རྣམས་སྔར་བཞིན་ཉམ་ཆུང་གིས་གནས་པ་ལས་ཆེས་ཆེར་དར་ཐུབ་མེད།
    མདོར་ན་སྤུ་རྒྱལ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡར་སྔོན་དུ་སྤུ་རྒྱལ་ཡུལ་ནས་རྒྱ་གར་ཐུབ་པའི་ཆོས་ལུགས་བོད་དུ་དར་བར་འབད་མོད། བོད་ཀྱི་གདོད་མའི་ཆོས་ལུགས་བོན་ཆོས་ནི་རྒྱལ་བློན་འབངས་གསུམ་གྱི་དད་བྱ་ཡིན་ལ། བཙན་པོའི་སྲིད་ཀྱང་བོན་གྱིས་བསྐྱངས་པས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་མེད། འོན་ཀྱང་བོན་པོའི་ཆོས་ལུགས་ལ་དད་པའི་དུས་སྐབས་ནང་ཡུལ་སྡེ་སོ་སོའམ་ཚོ་ཁག་སོ་སོར་རང་རང་གི་འབྱུང་སའི་ས་དང་མེས་པོ་རེ་ཡོད་པའི་དག་སྣང་གི་འཛིན་སྟངས་དང་དེ་མཐུན་དུ་བྱུང་བའི་སྒྲུང་དང་རིག་གནས་ཤིག་ཡོད་རྐྱེན། ཚོ་ཁག་སོ་སོ་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་དང་ཕྱིའི་དགྲར་འཐབ་པའི་འདུ་ཤེས་ཤིག་ཆགས་ཡོད་ཀྱང་། སྐབས་དེའི་ཆོས་ལུགས་དད་མོས་ནི་ཚོ་ཁག་གམ་རྒྱལ་ཕྲན་གྱི་ཆོས་ལུགས་ཤིག་ཏུ་གྱུར་ཡོད་པ་ལས་མི་རིགས་སྤྱི་མཐུན་ལ་ཕན་ཞིང་ཀུན་གྱིས་བསམ་ཤེས་གཅིག་ཏུ་བསྡུ་ཐུབ་པའི་ཡོངས་ཁྱབ་ཀྱི་ཆོས་ལུགས་ཤིག་གམ་མི་རིགས་ཀྱི་ཆོས་ལུགས་ཤིག་ཏུ་འགྱུར་ཐུབ་མེད། 
                                               སངས་རྒྱས་ཆོས་ལུགས་བོད་ནས་འཕེལ་རྒྱས་སུ་སོང་བ།
     ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བོད་དུ་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་དབུ་བརྙེས་ཤིང་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་སྲོལ་ཕྱེས་ཏེ། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཁག་གཅིག་བོད་དུ་བསྒྱུར་བ་དང་རྒྱ་དཀར་ནག་གི་བཙུན་པ་དང་ལོ་ཙཱ་བ་འགའ་བོད་དུ་ཞུས། འོན་ཀྱང་བཙན་པོའི་དུས་སྐབས་ཀྱི་སྲིད་དང་རིག་གནས་སོགས་ཕྱི་ནང་གི་རྐྱེན་མང་པོ་ཞིག་གིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ད་གཟོད་སྤུ་རྒྱལ་ཡུལ་དུ་རྒྱ་གར་ཐུབ་པའི་ཆོས་ལུགས་དར་ཞིང་ཐུན་མོང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་གཞི་ཚུགས་མགོ་བརྩམས།
    བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་སྐོར་ལ《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ལས་“དེར་རྒྱལ་བོ་ཁྲི་ལྡེ་གཙུག་བཙན་དང་གྱིམ་ཤིང་ཀོང་ཇོ་གཉིས་ཕོ་བྲང་བྲག་དམར་ན་རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ་འཕགས་པ་འཇམ་དཔལ་གྱི་འོད་ཟེར་སྣ་ལྔའི་སྣ་ལ། གསེར་གྱི་ཁྱེའུ་ཆུང་ཚོན་གང་ན་ཞིག་གྱིམ་ཤིང་ཀོང་ཇོའི་མངལ་དུ་སྤྲོས་ནས་བཞུགས་པ་ལས། དེར་ཡང་ཡུམ་གྱི་མནལ་ལམ་ན་ཤར་ཕྱོགས་ནས་འོད་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་ནས་མངལ་དུ་ཞུགས་པ་རྨིས། ཚུལ་དེ་ལྟ་བུ་ཡབ་རྒྱལ་པོ་ལ་སྨྲས་པས། བར་སྣང་གི་ལྷ་ཕྲན་ཞིག་རང་རེའི་བུར་འོང་བ་ཡིན་ཡོང་གསུངས་སོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་ཡུམ་ལ་ན་ཚ་མེད་པར་རྟའི་ལོ་དཔྱིད་ཟླ་ར་བའི་ཚེ་སྐར་མ་རྒྱལ་གྱི་ནམ་ལངས་ཉི་མ་ཤར་བ་དང་སྐུ་འཁྲུངས། མཚན་ནི་ཁྲི་སྲོང་ལྡེ་བཙན་དུ་གསོལ་ལོ། །དེ་ནས་སྣ་ནམ་ཞང་ཁྲོམ་པ་སྐྱེས་དང་སྣ་ནམ་པ་གཉིས་ཀྱིས་འཕྲོག་བྱུང་བ་ལ། དེར་རྒྱལ་བློན་ཀུན་ཉི་མ་གཅིག་ཐམས་ཅད་ཚོགས་ནས་དགའ་སྟོན་ཆེན་པོ་བྱས་ནས། སྲས་རྒྱལ་བུ་ལ་ཁྱེད་ཀྱི་མ་རྒྱ་མོ་ཡིན་ནམ། སྣ་ནམ་པའི་སྲས་ཡིན་ངོས་འཛིན་དུ་བཅུག་པ་ལས། སྲས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ན་རེ། གྲལ་རིམ་གྱིས་ཕྱག་གཡས་སུ་གདེངས་ནས་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལ། སྣ་ནམ་ཞང་གིས་ཅི་ཞིག་བགྱི” ཞེས་ཁྲི་སྲོང་ལྡེ་བཙན་རྟའི་ལོ་ཡི་དཔྱིད་ཟླ་ར་བར་རྒྱའི་བུ་མོ་གྱིམ་ཤིང་ལ་སྐྱེས་ཤིང་རྒྱ་ཚ་ཡིན་པར་བཤད་ཡོད་ཅིང་། བོད་ཀྱི་གཏེར་མ《པདྨ་བཀའ་ཐང》དང་《བོད་ཀྱི་ལོ་རྒྱུས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཆོས་འབྱུང་ལོ་རྒྱུས་མང་པོར་ཡང་དེ་མཐུན་དུ་བཞེད་ཡོད། ཡང《སྦ་བཞེད》དུ་“བཙན་པོ་ཁྲི་ལྡེ་གཙུག་བཙན་ལ་སྲས་ཤིན་ཏུ་ངོ་མཚར་བ་ཞིག་བྱུང་བའི་མིང་ལ་ལྗང་ཚ་ལྷ་དབོན་དུ་གསོལ་ཞིང་། དེ་ལ་ཁབ་རན་པར་གྱུར་ན། བོད་ཀྱི་མི་ཐམས་ཅད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས་འདིའི་ཇོ་མོ་མི་འོས། འདི་ལ་རྒྱའི་བུ་མོ་ཞིག་སློང་བར་ཆད་དོ། །དེ་ནས་གཉགས་ཁྲི་བཟང་ཡང་སྟོན་ལ་འཁོར་སུམ་ཅུ་དང་བཅས་པ་གཉེ་བོར་བཏང་། ཤུལ་དུ་རྒྱལ་བུ་མཚན་ལ་རྟ་བཅགས་པས། འཕང་ཐང་དགེ་རང་སྔགས་ཟོར་མདའ་འཕངས་པ་འཕོག་ཏེ་གྲོངས། ཀོང་ཇོ་བོད་དུ་སླེབས་ནས་རྒྱུན་ཏུ་སྡུག་གླུ་མང་དུ་བླངས་ནས་བཙན་པོའི་ཞལ་ནས། འོ་ན་ད་མོ་རང་ལ་སྐྱེས་དྲག་ཏུ་བསྐུར་ལ་ཕ་ཡུལ་དུ་སྐྱོལ་ཅེས་གསུང། དེ་སྐད་ཀོང་ཇོ་ལ་གསོལ་བ་ལས། ཀོང་ཇོ་ན་རེ། རྒྱལ་བུ་བྱད་ལེགས་པ་ཞིག་ང་དང་ལས་མཐུན་མ་ཡིན་པས་ང་ཕ་ཡུལ་དུ་མཆི་མི་སྤྲོ་ཞིང་། ད་མེས་པོ་དང་འདུའོ་ཞེས་ཟེར་ནས་རྒྱལ་བོ་དང་མཉམ་དུ་བསྡད། ཕྱིས་སུ་གྱིམ་ཤིང་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས་ནས་སྐྱེས་ཡང་། ཀོང་ཇོའི་བུ་པ་སྣམ་བཟའ་བཞི་སྟེངས་ཀྱི་འཕྲོག་ནས་འདི་ང་སྐྱེས་པ་ཡིན་ཟེར། དེ་ནས་རྒྱལ་བུ་ལོ་གཅིག་ལོན་ཙ་ན་ཞབས་འཛུགས་པའི་དགའ་སྟོན་བྱས་ཏེ་སྣ་ནམ་པ་རྣམས་བེར་ཆུང་དུ་རེ་ལག་ཐོགས་ནས་ཞང་པང་དུ་ཤོག་ཟེར། རྒྱལ་བུ་ན་རེ། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། སྣ་རྣམ་ཞང་གི་ཅི་བགྱི་འཚལ།གསུངས་ནས་རྒྱའི་སྤང་དུ་སོང་བས། མིང་ཡང་རང་གི་བཏགས་སོ།” ཞེས་གྱིམ་ཤིང་ཀོང་ཇོ་དེ་ཁྲི་ལྡེ་གཙུག་བཙན་གྱི་སྲས་ཞལ་བཟང་བ་ལྗང་ཚ་ལྷ་དབོན་ལ་ཁབ་ཏུ་བཞེས་མོད། དོན་རྐྱེན་གྱིས་འདས་པས་མཐར་གྱིམ་ཤིང་ཀོང་ཇོ་མེས་པོ་དང་མཉམ་དུ་བསྡད་ནས་ཁྲི་སྲོང་ལྡེ་བཙན་འཁྲུངས་ཚུལ་བརྗོད་ཡོད་རྐྱེན། གོང་གི་ཆོས་འབྱུང་དག་གི་བཞེད་ཚུལ་ཕྱོགས་མཚུངས་ཡིན། འོན་ཀྱང《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ཞེས་པའི་ཤོག་དྲིལ་ཁག་ཏུ“ཡོས་བུའི་ལོ་ལ་སྤྱི་ལོ739། བཙན་པོ་དབྱརད་ཆབ་སྲྀད་ལ་བེག་དུ་གཤེགསྟེ། སྲས་ལྷས་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས། བཙན་པོ་ཡབ་དགུན་བོད་ཡུལ་དུ་སླར་གཤེགས། བཙན་མོ་ཀྀམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག” ཅེས་དང་། “སྤྲུལ་གྱྀ་ལོ་ལ་སྤྱི་ལོ741། བཙན་པོ་དབྱརད་ཆབ་སྲྀད་ལ་གཤེག་སྟེ། རྒྱའྀ་མཁར་དར་ཁྭ་ཧྱྭན་ཕབ། ཞོ་དོན་གྱྀ་ཞང་ཙལ་དུ་བཙན་པོེ་སྤྱན་སྔར། ཁྲོམ་གྱྀ་མཀོས་ཆེན་པོ་བགྱྀས། དགུན་ཆབ་སྲྀད་ལས་སླར་བྲག་མར་དུ་གཤེགསྟེ། བཟོ་ཞལ་ཅོས་གྱྀས། བརྒལྟེ་མཀར་ལྩགས་རྩེ་སླར་ཐོབ། བཙན་པོ་སྲས་ལྷས་བོན་དྔ། བཙན་མོ་ཁོང་ཅོ་གཉྀས་གྱྀ་མདད་བཏང་བར་ལོ་གཅྀག” བཀོད་ཡོད་པར་དཔྱད་ན་རྒྱའི་བུ་མོ་གྱིམ་ཤིང་ཀོང་ཇོ་ནི་སྤྱི་ལོ739ལོར་འདས་ཤིང་གནའ་བོའི་བོད་ཀྱི་འདས་མཆོད་སྒྲུབ་སྟངས་ལྟར་སྤྱི་ལོ741ལ་མདད་བཏང་ནས་འདས་མཆོད་སྒྲུབ་པ་གསལ་བོར་ཤེས་ཐུབ་པ་དང་། ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོའི་ཐད་ལ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པར“རྟའི་ལོ་ལ་སྤྱི་ལོ742། བཙན་པོ་ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། རྒྱའྀ་ཕོ་ཉ་ཨན་ད་ལང་དྔ། མྱྭ་ནག་པོ་པོ་ཉ་ལ་བྲྀ་པྱག་འཙལད། ཟློར་ཤུད་པུ་ཁོང་ཟུང་དྔ།ལང་གྲོ་ཁོང་རྩན་གཉྀས། འབྱུང་འཇུགྀ་རྩིས་བགྱྀསྟེ་ཐང་ཁྲམ་བཏབ། ཁུ་ཉེ་མོན་གངསུ་བློན་མང་པོ་རྗེས་འ་ཞའྀ་མཁོས་བགྱིས། བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ། ཡུམ་མང་པོ་རྗེ་ནོངས་ཕར་ལོ་གཆིག” ཅེས་ཁྲི་སྲོང་ལྡེ་བཙན་སྤྱི་ལོ742ལོར་བྲག་མར་ནས་སྐུ་བལྟམས་ཚུལ་ཡང་གསལ་བོར་གོ་ཐུབ། དེ་བས་འདས་པའི་མིར་བུ་སྐྱེས་མི་སྲིད་པས་ཁྲི་སྲོང་ལྡེ་བཙན་ནི་རྒྱའི་ཀོང་ཇོ་གྱིམ་ཤིང་ལས་འཁྲུངས་པ་མིན་པ་གསལ་བོར་ཤེས་ཐུབ། ཡང་རྒྱལ་རབས་རིམ་བྱུང་གི་མིང་ཞེས་པར“ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་ཟའ་མང་མོ་རྗེ་བཞི་སྟེང་དུ་བཤོས་པའི་སྲས། ཁྲི་སྲོང་ལྡེ་བརྩན།” ཞེས་བྲིས་ཡོད་པར་དཔྱད་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་ཆུ་ཕོ་རྟའི་ལོ་སྟེ་སྤྱི་ལོ742ལོར་ཡུལ་བྲག་མར་ནས་བཙུན་མོ་སྣ་ནམ་བཟའ་མང་པོ་རྗེ་གཉིས་ལས་འཁྲུངས་ཤིང་། ལོ་བཅུ་གསུམ་སྟེ་སྤྱི་ལོ754ལ་སྲིད་ཀྱི་འགན་བཞེས་ཏེ་མཐར་སྤྱི་ལོ797ལོར་སྐུ་འདས་པ་ད་ལྟ་ཀུན་གྱིས་བཞེད་མཐུན་དུ་སྨྲའོ།།
      ཁྲི་སྲོང་ལྡེ་བཙན་གྱིས་ཆབ་སྲིད་ཀྱི་འགན་བཞེས་དུས་བཙན་པོ་སྐུ་ན་ཆུང་བས་སྲིད་ཀྱི་དབང་ཆ་བོན་གྱི་ཁ་འཛིན་པ་ཚོས་བཟུང་ཞིང་། ཡབ་མེས་ཀྱི་རིང་ལ་དར་བའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་འགོག་རྒོལ་བྱས་ཤིང་ཆོས་ཀྱི་རྟེན་རྣམས་ཀྱང་མེད་བརླག་ཏུ་བཏང་ཚུལ་《རྦ་བཞེད》ལས་འདི་ལྟར་བཀོད་ཡོད་དེ། “ཞང་མ་ཞང་ཁྲོན་པ་སྐྱེས་ན་རེ། རྒྱལ་བོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ་བཀྲ་མི་ཤིས་པར་ཚེ་ཕྱི་མ་སྐྱེ་བ་ལེན་བྱ་བ་རྫུན་ཡིན་ནོ།། ཚེ་འདིའི་རྐྱེན་བཟློག་བོན་གྱིས་བྱ། ཆོས་སུ་བྱེད་པ་ཕོ་རེང་དུ་མཐར་སྤྱུག་ཅེས་འོག་ཏུ་བཤད་པ་བཞིན་ཞང་མ་ཞང་གིས་བློན་ཆེན་ཆོས་ལ་དགའ་བ་མང་བལ་གཉིས་ལ་སྐྱོན་ཕབ་སྟེ་བོད་ནག་ཡུལ་དུ་བསྐྱལ་བར་བྱ་ཟེར་བ་ལས། ལྷ་དེ་དང་པོ་རྟ་པ་གཅིག་གིས་པང་དུ་ཐེག་པ་དེ་མ་ཐག་པས་འབྲེང་བའི་དྲ་བར་བཅུག་ནས་མི་སུམ་བརྒྱས་སྒོར་ཕྱུང་། དེ་ནས་སྟོང་གིས་མཁར་བྲག་གདོང་གི་ཐད་ཀར་ཕྱིན་པ་དང་། མི་སྟོང་གིས་ཀྱང་མ་ཐེག་ནས་དེ་ཉིད་ཀྱི་བྱེ་ཐང་དུ་སྦས་ནས་འབའ་རྗེ་འཁོལ་ལ་གཏད་ནས་བཞག མཁར་བྲག་གི་ལྷ་ཁང་ནི་རྨང་ནས་བསྒྱེལ། འགྲམ་བཟང་གི་ལྷ་ཁང་བཤིག་ཏེ་ལྕོང་ནི་འཆིམས་ཕུའི་གཡལ་བསྐྱལ་ཏེ། དེ་ཉིད་དེ་ལྟར་གྱི་བསམ་ཡས་དགེ་རྒྱས་ཀྱི་མཐོང་ལགས། དེ་ལྟར་ཆོས་བཤིག་པའི་ཚེ། ལྷ་ས་དཔེ་དཀར་དུ་བཟོ་གྲྭ་བགྱིས་བཤས་བྱས་ནས་ལྡེར་ཚོ་ལ་ལྤགས་པ་གཡོགས། ཕྱག་ལ་ནང་བྱ་དང་ལུག་ཁོག་བསྐལ། ཕྱིན་ཆད་བོད་ལ་མི་ཤི་ན་ནི་ཚེ་ཞེས་པ་དགེ་བ་བགྱིད་དུ་མི་སྣང་།” ཞེས་བཀོད་པ་བཞིན་ནོ། །དེ་ནས་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་རིམ་བཞིན་ནར་སོན་དུས་སུ་ཁོ་ཡང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་ཡིད་མོས་ཏེ་གསང་བའི་སྒོ་ནས་སང་ཞི་དང་སྦ་གསལ་སྣང་སོགས་རྒྱ་དཀར་ནག་ཏུ་ཆོས་སློབ་པར་བཏང་ཞིང་ཆོས་གཞུང་མང་པོ་བོད་དུ་གདན་དྲངས། ཁྱད་པར་དུ་ཆོས་འབྱུང་ལོ་རྒྱུས་རྣམས་སུ་སྦ་གསལ་སྣང་མང་ཡུལ་གྱི་ཡུལ་དཔོན་དུ་བསྐོས་མོད། དོན་དམ་དུ་རྒྱ་གར་དུ་བཏང་ནས་བོ་དྷི་ས་ཏྭ་སྤྱན་འདྲེན་པར་བཏང་བར་བརྗོད་ཡོད། རྗེས་སུ་བོན་བློན་ཞང་མ་ཞང་ཁྲོམ་པ་སྐྱེས་ངན་གསོད་བྱས་རྗེས་བཙན་པོས་རྒྱ་གར་གྱི་ཆོས་དར་སྤེལ་དུ་བྱ་བར་དམིགས་ནས་བོ་དྷི་ས་ཏྭ་སྤྱན་དྲངས་ཏེ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་གསུངས། འོན་ཀྱང་སློབ་དཔོན་ཞི་བ་འཚོས་ཆོས་གསུངས་ནས་དུས་ཡུན་རིང་ཙམ་མ་འགོར་བར་ཕོ་བྲང་འཕང་ཐང་ཆུས་འཁྱེར། ལྷ་ས་དམར་པོ་རི་ལ་ཐོག་བརྒྱབ། མི་ནད་དང་། ལོ་ནད་བྱུང་བས་བོན་ལ་དད་པའི་བློན་པོ་དང་འབངས་རྣམས་ཀྱིས་ཆོས་བྱས་པས་རྐྱེན་ཡིན་པར་བཤད་དེ་བོ་དྷི་ས་ཏྭ་ཕྱིར་རྒྱ་གར་དུ་ལོག་ནས་ཆོས་སྤེལ་མ་ཐུབ་ཅིང་། བཙན་པོས་བོ་དྷི་ས་ཏྭའི་གསུང་ལྟར་སླར་ཡང་སྦ་གསལ་སྣང་ཨོ་རྒྱན་ཡུལ་གྱི་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་བྱ་བར་མངགས། སློབ་དཔོན་པདྨ་མ་འབྱུང་གནས་ཀྱིས་དྲགས་སྔགས་ཀྱི་མཐུ་ནུས་ལ་བརྟེན་ནས་བོད་ཀྱི་ལྷ་སྲིན་དག་དམ་ལ་བཏགས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་གཞི་བདག་ཏུ་བཀུག་པར་བརྗོད། ང་ཚོས་བློ་ཞིབ་མོས་དཔྱད་པ་བཏང་ཚེ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་པའི་ལམ་ཁར་བགེགས་བྱེད་པའི་ལྷ་སྲིན་དག་ནི་བོན་པོའི་ཁ་འཛིན་གྱི་སྟོབས་ཤུགས་ཡིན་ཏེ། འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན་ཆོས་ལུགས་ཀྱི་སྣང་ཚུལ་མང་པོ་ཞིག་གིས་དུས་རིམ་ངེས་ཅན་ཁྲོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་མཚོན་པར་བྱས་ཡོད་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་བོད་བཙན་པོའི་སྤྱི་ཚོགས་ཀྱི་ནང་དུ་བན་བོན་གཉིས་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱ་བའི་དུས་ཡིན་རྐྱེན་ལྷ་སྲིན་དེ་དག་ནི་བོན་ཀྱི་ཁ་འཛིན་ཚོའི་གཟུགས་བརྙན་མིན་ནམ་སྙམ། སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཡོང་བ་ནས་བཟུང་བན་བོན་བར་གྱི་འགལ་བ་དེ་སྔར་ལས་ཇེ་དྲག་ཏུ་གྱུར་ཞིང་བོད་བཙན་པོའི་མངའ་ཁོངས་དུ་ཆོས་ལུགས་གང་ཞིག་དར་བར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་ཞིག་ཏུ་གྱུར་ཡོད་ཕྱིར། བན་བོན་བར་ལ་ཆོས་རྩོད་བྱུང་ཞིང་སུ་རྒྱལ་ན་དེ་སྲིད་གཞུང་གི་ཆོས་སུ་གཏན་འབེབས་བྱ་རྒྱུའི་བཀའ་མཆིད་བསྒྲགས་པའི་ཆོས་རྩོད་བྱས་ཚུལ་ལ། 《རྦ་བཞེད》 དུ་“དེར་བོན་པོ་དང་བློན་པོ་རྣམས་ཁ་ལོག་སྟེ་ཆོས་མི་བྱེད། བོན་བྱའོ་ཟེར་བས། བོ་དྷི་ས་ཏྭའི་ཞལ་ནས། རྒྱལ་ཁམས་གཅིག་ཏུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ། འོ་ཅག་བརྩོད་པ་བྱས་ལ་ཁྱེད་རྒྱལ་ན་ང་ཡང་འགྲོ། བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་ལ། དམ་པའི་ཆོས་བྱ་གསུང་། སླད་ཀྱི་ཆོས་དང་བོན་འགྲན་པར་ཆད་ནས་དེ་ལ་དཔང་པོ་མེད། དེ་ནས་ཕག་གི་ལོ་ལ་ཕོ་བྲང་ཟུར་ཕུད་སྐྱང་བུ་ཚལ་ན་བཞུགས་པའི་ཚེ། ཆོས་ཀྱི་ཁ་འཛིན་ཞང་ཉ་བཟང་དང་། གཉེར་རྟག་བཙན་ལྡོང་གཟིགས་དང་། སེང་མགོ་ལྷ་ལུང་གཟིགས་དང་། ཉང་ཤོ་མ་དང་བཞི་པོ་དེ་བོ་དྷི་ས་ཏྭའི་ཁ་འཛིན་དང་བཤགས་འདེབས་སུ། བོན་གྱི་ཁ་འཛིན་ངམ་སྟག་ར་ཀླུ་གོང་དང་རྩིས་པ་ཆེན་པོ་དང་། ཁྱུང་པོ་དུམ་ཚུགས་དང་། ཁྱུང་པོ་རྩེ་བ་དང་། ཚེ་མི་དང་། ལྕོག་ལ་སྨོན་ལམ་འབར་ལ་སོགས་པ་བཀོས་ཏེ་བརྩོད་པ་ལས་བོན་ཁུང་ངན་ལ་གཏན་ཚིགས་ཆུང་། ལྷ་ཆོས་ཁུང་བཟང་ལ་རྒྱ་ཆེ། ཟབ་ལ་གཏིང་རིང་ཤགས་བཟང་ལ་རྣོ་ཏེ་མ་ཐུབ་ན། འཕན་ཡུལ་གྱི་བྱི་བོན་པོས་བདུར་བའི་བཤིན་ཁུགས་པ་ཐམས་ཅད་ཀྱང་བསེ་རགས་སུ་གྱུར་པས། ཕྱིན་ཆད་བོན་བགྱིད་དུ་མི་གནང་པར་ཆད་དོ།།” ཅེས་བོན་རྣམས་ཕམ་རྗེས་བོན་གྱི་དཔེ་ཆ་ཀུན་ཆུ་ལ་བསྐྱུར་བ་དང་། ལྷག་མ་རྣམས་མཆོད་རྟེན་ནག་པོས་མནན་ཏེ་བོན་སྤེལ་མི་ཆོག་པའི་བཀའ་བསྒྲགས་ཤིང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་སྲིད་གཞུང་གི་ཆོས་སུ་བཀུར། དེ་ནས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་སློབ་དཔོན་པདྨ་འབྱུང་གནས། མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་གྲོས་བྱས་ཏེ་སྤྱི་ལོ775ལོར་བསམ་ཡས་ཀྱི་རྨང་བཏིང་བ་དང་། ལུག་ལོ་སྟེ་སྤྱི་ལོ779ལོར་བོད་ཀྱི་རབ་བྱུང་གི་སྡེ་ཐོག་མ་སད་མི་མི་བདུན་རབ་ཏུ་བྱུང་བ་དང་། རབ་བྱུང་བ་དག་གི་འཚོ་བ་བླ་ནས་སྦྱར་རོ། །དེ་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བོད་ལུགས་ཀྱི་དགོན་སྡེ་དང་ལྷ་སྐུ། བོད་མིའི་གྲས་ལས་དགེ་འདུན་པ་བྱུང་ཞིང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་མང་པོ་བོད་དུ་བསྒྱུར་བ་སོགས་ཀྱི་ལས་བྱས་ཏེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་ལུགས་སུ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཐོག་མར་དར་མགོ་ཚུགས།
       ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་གར་ཐུབ་པའི་ཆོས་ལུགས་ལེགས་པར་དར་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ཡབ་མེས་ཀྱི་རིང་ནས་བཟུང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་འབྲེལ་ལམ་ཅུང་ཙམ་ཡོད་པ་ལས་གཞན། བཙན་པོ་འདིའི་རིང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་བོད་དུ་གདན་འདྲེན་ཞུས་པའི་རྐྱེན་ཡིན། རྒྱ་གར་འཕགས་པའི་ཡུལ་གྱི་མཁན་ཆེན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་བཏོད་ཅིང་དེས་འདུལ་ཁྲིམས་དང་མདོ་ཕྱོགས་ཀྱི་གཞུང་གཙོར་འཛིན་པ་དང་། ཀ་མ་ལ་ཤཱི་ལ་དང་ཡེ་ཤེས་སྙིང་པོ་གསུམ་ལ་དབུ་མ་རང་རྒྱུད་ཤར་གསུམ་ཞེས་པའི་མཚན་སྙན་འཐོབ་ཡོད། མཁན་ཆེན་ཞི་བ་འཚོས་དགེ་བ་ཆོས་བཅུ་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས། ཁམས་བཅོ་བརྒྱད་སོགས་བོད་དུ་དར་བར་བྱས་ཤིང་། གཞུང་དེ་དག་གིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་གང་ཟག་ཐམས་ཅད་སྡུག་བསྔལ་བའི་གནད་བསྟན་ནས་བོད་འབངས་ཀུན་ཀྱི་ལས་རྒྱུ་འབྲས་བསམ་ཞིང་དགེ་བའི་ཕྱོགས་སུ་བློ་ཁ་བསྒྱུར་བར་བྱས། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་དར་བའི་གསང་སྔགས་དང་བོན་གྱི་ཆོས་ལུགས་གཉིས་ལས་ཆ་འདྲ་བའི་ཆོ་ག་ཕྱག་ལེན་རྣམས་བེད་སྤྱད་དེ་བོན་གྱི་ལྷ་རབས་དང་ཡུལ་ས་གཞི་བདག་མང་པོ་ཞིག་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་བར་རོགས་དང་རམ་འདེགས་བྱེད་པའི་གཞི་བདག་དང་དམ་ཆེན་ཆོས་སྐྱོང་སོགས་སུ་བསྒྱུར་ཏེ། བོད་མིའི་སེམས་ཁོང་གི་གདོད་མའི་དད་པའི་ཕྱིའི་རྣམ་པ་མ་བསྒྱུར་བར་ནང་དུ་སྲོག་གསར་བ་ཞུགས་པར་བགྱིས་པའི་ཐབས་སྤྱད་དེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་བརྟན་ཚུགས་པར་བྱས། ཡིན་ཡང་བོད་རིག་པར་ཞིབ་འཇུག་བགྱི་བཞིན་པའི་མཁས་པ་མང་པོ་ཞིག་གིས་བསམ་ཡས་གསར་བཞེངས་དང་སད་མི་དྲུག་རབ་ཏུ་བྱུང་བ་སོགས་ནི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་ཡོངས་སུ་དར་བའི་རྟགས་མཚན་དུ་འཇོག་གྱིན་ཡོད། ང་ཚོས་ཆོས་ལུགས་རིག་པའི་གཞུང་ལུགས་ལ་གཞི་བཅོལ་ཏེ་དཔྱད་པ་བཏང་ཚེ། བོད་ལུགས་ཀྱི་དགོན་སྡེ་དང་བོད་མིའི་དགེ་འདུན་པ་བྱུང་བ་སོགས་ནི་ཆོས་ལུགས་ཀྱི་གྲུབ་རྐྱེན་བཞི་ལས་ཆོས་ལུགས་ཀྱི་ཆོ་ག(宗教行为)དང་ཆོས་ལུགས་ཀྱི་རྩ་འཛུགས་(宗教组织)ཏེ་ཕྱིའི་རྣམ་པའི་ཆར་གཏོགས་ཤིང་། ངེས་པ་དོན་གྱི་ཆོས་ལུགས་ཤིག་འགྲུབ་དགོས་ན་ཆོས་ལུགས་ཀྱི་ལྟ་བའམ་འདུ་ཤེས(宗教观念)དང་ཆོས་ལུགས་དེར་ཞུགས་པ་ལས་འཐོབ་པའི་ཉམས་མྱོང(宗教体验)ཞིག་ཆགས་དགོས་པ་དེ་ཡིན། འདི་གཉིས་ནི་ཆོས་ལུགས་ཤིག་ཐོག་མར་གཞི་གྲུབ་དུས་མེད་དུ་མི་རུང་བའི་རྐྱེན་གཉིས་ཡིན་ལ། དུས་ལ་ཇི་ལྟར་འགྱུར་ལྡོག་བྱུང་ཡང་མི་རྣམས་ཀྱི་རྒྱུད་དུ་རྐང་ཟིན་པའི་ཆོས་ལུགས་ཀྱི་ལྟ་ཚུལ་དེར་འགྱུར་ལྡོག་བྱུང་དཀའ། དེ་བས་དགོན་སྡེ་དང་དགེ་འདུན་པ་བྱུང་བ་སོགས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གཞི་ཆགས་པའི་ཕྱིའི་རྣམ་པའི་མངོན་ཚུལ་ཙམ་ཡིན་རྐྱེན་ཆོས་ལུགས་དེ་དངོས་སུ་བོད་དུ་མགོ་ཚུགས་ཐུབ་པའི་རྐྱེན་ཉག་གཅིག་ཏུ་བཟུང་ན་མི་འཚམས་ཤིང་། དེ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་སྲིན་མང་པོ་དམ་དུ་བཏགས་ཏེ་བན་ཆོས་ཀྱི་གཞི་བདག་དང་སྲུང་མར་བཅུག་ལ། ཐབས་ཀྱི་སྒོ་ནས་བོད་འབངས་ཀུན་གྱིས་སྔར་ཡོད་ཀྱི་ཆོས་ལུགས་ཀྱི་ལྟ་ཚུལ་དང་ཆོས་ལུགས་དེར་ཞུགས་པ་ལས་འཐོབ་པའི་ཚོར་འདུ་སོགས་ལ་འགྱུར་བ་ཅུང་ཙམ་གཏོང་ཐུབ་པ་བྱུང་བ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་བོད་དུ་དར་བར་ནུས་པ་མི་དམན་པ་ཞིག་ཐོན་ཡོད།
        མདོར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གནའ་བོའི་བོད་ཀྱི་བོན་ཆོས་ལ་སངས་རྒྱས་ཆོས་ལུགས་ཀྱིས་ཕོག་ཐུག་བཏང་ཞིང་། བོད་ཀྱི་རིག་གནས་ཀྱི་ཁ་ཕྱོགས་སྟོན་པ་པོའི་གོ་གནས་དེ་འཕྲོག་རྩོད་བྱས། འཐབ་རྩོད་ཀྱི་གོ་རིམ་ཁྲོད་ཐོག་མར་བོན་གྱིས་གོ་གནས་གལ་ཆེན་དེ་ཟིན་ཡོད་ཅིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ནར་སོན་པ་དང་བསྟུན་ནས་རེ་ཞིག་བན་བོན་མཉམ་གནས་ཀྱི་དུས་ཤིག་བྱུང་། འོན་ཀྱང་དད་མོས་མི་གཅིག་པའི་ཆོས་ལུགས་གཉིས་གར་སྟེགས་གཅིག་གི་སྟེང་དུ་མཉམ་གནས་བྱུང་བས་ཕན་ཚུན་དབར་གྱི་འགལ་བ་ཡང་སྔར་ལས་རྙོག་འཛིང་དུ་གྱུར་ཞིང་། རིག་གནས་དེ་གཉིས་ཀྱི་ཚབ་བྱེད་དུ་གྱུར་པའི་སྲིད་དབང་ནང་ཁུལ་གྱི་རྒྱལ་བློན་བཙུན་གསུམ་དང་ཤེས་ལྡན་རྣམས་ཀྱང་སོ་སོའི་ཁ་གཏད་དུ་འགྲེང་ནས་འགལ་བར་གྱུར་ཏེ་ཕན་ཚུན་ལ་ངན་དམོས་གང་མང་བྱས། མཐར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མོས་པ་བྱེད་པའི་ཆོས་ལུགས་ཏེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་ལེན་བྱས་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཕྱོགས་སྟོན་དུ་གྱུར་ལ། སྔོན་གྱི་བོན་ཆོས་ཀྱི་ཁ་འཛིན་རྣམས་ཡུལ་མཐར་སྤྱུགས་པ་དང་ཆོས་རྣམས་བསྣུབས་པའམ་ཡང་ན་འགྱུར་བ་བཏང་ནས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་ཁོངས་སུ་བསྡུ་སྒྲིག་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་བར་རྨང་གཞི་བཏིང་།
       བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་རྗེས་ཁོའི་སྲས་མུ་ནེ་བཙན་པོས་མུ་མཐུད་དུ་སྡེ་སྣོད་གང་མང་བསྒྱུར་ཞིང་ལྷ་ཁང་མང་པོ་བཙུགས། བོད་འབངས་ཡོངས་ཀྱི་འཚོ་བ་གོང་འཕེལ་དུ་གཏོང་བའི་ཆེད་དུ་དབུལ་ཕྱུགས་ཐེངས་གསུམ་དུ་སྙོམས། འོན་ཀྱང་ལས་དེས་ཞང་བློན་དང་དབང་སྒྱུར་གྲལ་རིམ་རྙིང་བའི་ཁེ་ཕན་ལ་གནོད་རྐྱེན། དེ་ཚོས་ངན་ཇུས་བཀོད་ནས་བཀུམ་ཞིང་རྒྱལ་སྲིད་ལོ་གཅིག་དང་ཟླ་བདུན་ཙམ་ལ་མ་གཏོགས་སྐྱོང་མ་ཐུབ། དེའི་རྗེས་ནས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་ཞིང་། དེའི་སྐབས་སུ་རྒྱ་གར་སོགས་ནས་མཁས་ཆེན་མང་པོ་སྤྱད་དྲངས་ཏེ་ཆོས་མང་པོ་བསྒྱུར་བ་དང་། སྐྱིད་ཤོད་ཀྱི་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། ཁྱད་པར་དུ་རབ་བྱུང་སྡེའི་ནང་གི་མྱང་ཏིང་ངེ་འཛིན་བཟང་པོ་དང་བྲན་ཀ་དཔལ་གྱི་ཡོན་ཏན་གཉིས་ལ་བཀའ་ཆེན་པོ་གཏོགས་པའི་གོ་གནས་བསྩལ་ཞིང་། སྔ་ཕྱི་གཉིས་ལ་རྡོ་རིང་གི་ཡི་གེ་བརྩིགས་ཏེ་མྱང་ཏིང་ངེ་འཛིན་བཟང་པོར་བཙན་པོ་ཡབ་སྲས་ཀྱི་བླ་མཆོད་དང་ཆོས་སྲིད་ཀྱི་བློན་པོ་ཆེན་པོར་བསྐོས། བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་རྗེས་སྲས་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་སྲིད་དབང་བཟུང་། ཁྲི་རལ་བ་ཅན་གྱིས་ཡབ་མེས་ཀྱི་དཔེ་ལྟར་གཙུག་ལག་ཁང་མང་པོ་བཞེངས་ཤིང་། རྒྱ་བོད་ཀྱི་ལོ་ཙཱ་བ་རྣམས་མང་པོ་གཅིག་ཏུ་བསྡུས་ཏེ་སྔགས་མ་རྒྱུད་ཀྱི་ཆོས་མ་གཏོགས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་བོད་དུ་བསྒྱུར། བཙན་པོ་ཁོང་གིས་ཀྱང་དགེ་འདུན་པ་རྣམས་གོང་དུ་བཀུར་ནས་དགེ་འདུན་རྣམས་རང་གི་དབུ་རལ་གྱི་སྣ་དར་སྟེང་འདུག་ཏུ་བཅུག་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་“རྒྱལ་པོ་དགུང་ལ་བཞུགས། གཡས་གཡོན་ལ་དགེ་འདུན་གྱི་སྟན་བཟང་པོབཤམས། དབུ་རལ་ཚན་གཉིས་སུ་བྱས་པའི་སྣ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་གྱི་སྟེང་དུ་བཀྲམ་པ་ལ་དགེ་འདུན་བཞུགས་ཏེ་དབུ་གཙུག་ཏུ་འཁུར་བས་དགེ་འདུན་དབུ་སྡེ་གཉིས་ཞས་གྲགས།” ཞེས་བཀོད་ཡོད། ད་དུང་ཐུགས་དམ་གྱི་རྟེན་དུ་འུ་ཤར་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་ཤིང་། གྲྭ་བ་མི་རེར་འབངས་མི་ཁྱིམ་བདུན་རེ་སྤྲད་པ་དང་། གྲྭ་བར་མིག་ངན་བལྟས་ན་མི་འདོན་པ། མཛུབ་བརྡ་བྱས་ན་མཛུབ་མོ་གཅོད་པ། ཁ་ངན་བཤད་ན་མཆུ་ཏོ་འབྲེག་པ། ལྷ་ཁང་དང་གྲྭ་བའི་རྒྱུ་ནོར་བརྐུས་ན་དེར་ལྡབ་བརྒྱད་ཅུའི་ཚབ་འཇལ་དགོས་པ་སོགས་ཀྱི་ཁྲིམས་བཅོས་ཏེ་དགེ་འདུན་པའི་སྡེ་རྣམས་ལ་བློན་ཆེ་ཆུང་ཀུན་གྱིས་གོང་དུ་བཀུར་ཞིང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བོད་བཙན་པོའི་སྲིད་དབང་ནང་ཁུལ་དང་དམངས་ཁྲོད་དུ་དར་རྒྱས་ཆེན་པོ་འགྲོ་བར་ནུས་པ་ཆེན་པོ་ཐོན། 
                                           སངས་རྒྱས་ཆོས་ལུགས་རེ་ཞིག་བོད་ནས་བསྣུབས་པ།
      བཙན་པོ་འུ་དུམ་བཙན་ནི་བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་པ་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕལ་ཆེ་བའི་ནང་དུ་ཁོས་བོད་ཀྱི་བསྟན་པ་བསྣུབས་ཏེ་ཆོས་ཁྲིམས་དར་གྱི་མདུད་པ་གྲོལ་ནས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཅགས་ཏེ་བོད་ཁམས་མུན་པའི་གླིང་དུ་བརྫངས་པ་བརྗོད་ཡོད་དེ། 《བུ་སྟོན་ཆོས་འབྱུང》དུ“དེ་ནས་བཙན་པོ་ནར་སོན་པ་དང་ཐུགས་སུ་གདོན་གསོལ་ཏེ་རབ་ཏུ་བྱུང་བ་ཀུན་ཕབ། བཙུན་པའི་རྟགས་འབོར་དུ་མ་འདོད་པ་ཀུན་མདའ་གཞུ་རྔ་གཤང་བསྐུར་ནས་རྔོན་པ་ལ་བཏང་། མི་ཉན་པ་རྣམས་བསད་དོ། ལྷ་ཤཱཀྱ་མུ་ནེ་བསྒུལ་མ་ནུས་བྱེ་ཐེམ་དུ་བཙུག་སྟེ་སྦས། སྒོ་གཙིགས་ཏེ་ཞལ་ཞལ་བྱས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག་གོ བསམ་ཡས་དང་ར་མོ་ཆེའི་སྒོ་ལ་འདག་ཞལ་བྱས། པོ་ཏི་ཕལ་ཆེར་ལྷ་སའི་བྲག་ཏུ་སྦས” ཞེས་བཀོད་ཡོད། ད་སྔ་ཡན་ཆད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ཕྱོགས་བསྡུས་བྱས་ནས་དཔྱད་པ་བཏང་ཚེ་བཙན་པོ་འུ་དུམ་བཙན་ཆོས་ལ་མ་དགའ་བའི་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་བཙན་པོ་ཁྲི་རལ་བ་ཅན་གྱིས་དགེ་འདུན་པ་ཚོར་ཆབ་སྲིད་ཀྱི་གོ་གནས་ཆེན་པོ་བྱིན་ཏེ་བློན་ཆེན་པོ་དང་དབང་སྒྱུར་གྲལ་རིམ་རྙིང་ཤས་རྣམས་ཀྱིས་ཁེ་དབང་ལ་གནོད་པ་དང་། གཉིས་ནི་འུ་དུམ་བཙན་བོན་ལ་དད་ཞེན་ཆེ་བས་ཆོས་བསྣུབས་ཏེ་བོན་དར་སྤེལ་དུ་གཏོང་རྒྱུར་དམིགས་པའི་རྐྱེན་ཡིན་པར་བརྗོད་ཚུལ་ཡོད། འོན་ཀྱང་ཏུང་ཧོང་གི་ཡིག་ཆP.T134《བཙན་པོ་ལྷ་སྲས་དར་མ་ཝུའི་དུམ་བརྟན་གྱི་སྐུ་ཡོན་དུ་བསྔོ་བའྀ་སྨོན་ལམ་དུ་གསོལ་པ》ཞེས་པའི་ནང་དུ་འུ་དུམ་བཙན་གྱིས་ཆོས་བསྣུབས་པ་མི་གསལ་བར་མ་ཟད། བཙན་པོས་གཙུག་ལག་ཁང་དང་མཆོད་རྟེན་གསར་དུ་བརྩིགས་ཤིང་ཆོས་མི་ནུབ་ཡུན་རིང་དུ་དར་ཆེད་བཀའ་གཙིགས་ཤིང་སྨོན་ལམ་བཏབ་པའི་གནས་ཚུལ་གླེང་ཡོད།
       དེ་བས་འུ་དུམ་བཙན་གྱིས་ཆོས་བསྣུབས་སམ་མ་བསྣུབས་ཤེ་ན། ཁོ་བོས་བཙན་པོ་འུ་དུམ་བཙན་གྱིས་སྲིད་བཟུང་མ་ཐག་ཏུ་ཆོས་དར་བར་བརྩོན་ཞིང་། བཀའ་ཡོལ་གལ་ཆེ་ཡི་ཆོས་ཀྱི་བློན་པོ་རྣམས་ཀྱིས་སྲིད་ཀྱི་དབང་ཆར་ཐེ་གཏོགས་ཆེན་པོ་བྱས་ཤིང་། དཔལ་འབྱོར་གྱི་ཆ་ནས་ཀྱང་བོད་བཙན་པོའི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་བྱས། དེར་མ་ཟད་བཙན་པོ་ཁྲི་རལ་བ་ཅན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་དགེ་བ་བཅུ་སོགས་ཀྱི་དགོངས་པ་ལྷུར་ལེན་བྱས་པས། མཐའ་འབྲེལ་གྱི་རྒྱལ་ཁམས་ལ་རྒོལ་བ་བྱས་ཏེ་མི་རྟ་བསད་པའི་ལས་ཐམས་ཅད་མ་རུངས་པར་བརྩིས་པས་དམག་སྟོབས་ཉམས་རྒུད་དུ་སོང་། ལོ་རྒྱུས་སྟེང་གྲགས་པའི་དབོན་ཞང་རྡོ་རིང་ཡང་བཙན་པོ་ཁྲི་རལ་བ་ཅན་གྱི་དཔའ་ཇེ་སྙོམས་དང་གཤིས་ཇེ་འཇམ་དུ་སོང་སྟེ་བྱུང་བའི་རྟགས་མཚན་ཞིག་ཏུ་འཁུམས། དེ་བས་འུ་དུམ་བཙན་གྱིས་ཆོས་བསྣུབས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོས་བོད་བཙན་པོའི་དཔལ་འབྱོར་དང་དམག་སྲིད་སོགས་ཕྱོགས་གང་ཅིའི་ཐད་ཉམས་རྒུད་དུ་འགྲོ་བཞིན་པ་མཐོང་ནས་སྤེལ་བའི་ལས་ཤིག་ཡིན་པར་སེམས་ཤིང་། ལོ་རྒྱུས་ཡིག་ཚང་དུ་འུ་དུམ་བཙན་ལ་གླང་དར་མ་ཞེས་ངན་འཚང་སྣ་ཚོགས་བཏགས་ཡོད་པ་དེ་ཡང་གཙོ་བོ་ཆོས་ལུགས་དད་མོས་ཀྱི་དབང་དུ་སོང་བ་ཡིན། མཐར་མཇུག་བསམ་ཡས་ཀྱི་མཁན་པོ་སྐུ་ཐོག་དགུ་བ་ལྷ་ལུང་དཔལ་གྱི་རྡོ་རྗེ ཡིས་མདའ་མོ་གཅིག་གིས་བཙན་པོ་འུ་དུམ་བཙན་བཀྲོངས་ཤིང་། བོད་མི་ཀུན་མགོན་མེད་སྐྱབས་མེད་དུ་གྱུར་ཏེ་བོད་བཙན་པོའི་སྲིད་དབང་འཐོར་ཞིག་ཏུ་སོང་། 
                                                       མཇུག་བསྡུ་བ། 
     རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་ཐོག་མར་དབུ་བརྙེས་པ་ནས་བཟུང་བོད་རང་སའི་ཆོས་ལུགས་བོན་ཆོས་དང་འགལ་ཟླར་ལངས་ཤིང་། རིག་གནས་ཀྱི་འགལ་ཟླ་དེ་སྲིད་དབང་ནང་ཁུལ་གྱི་སྲིད་འཛིན་ཕྱོགས་ཁག་གཉིས་ཀྱི་འགལ་ཟླར་གྱུར། ཁོ་ཚོས་སྲིད་ཀྱི་དབང་ཆ་རྩོད་རེས་བྱས་ཏེ་བཙན་པོ་དང་བློན་པོ། སློབ་དཔོན་མང་པོས་སྲོག་ཀྱང་ཤོར། བསྟན་པ་སྔ་དར་གྱི་སྐབས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་བར་འབད་པ་ཆེན་པོ་བྱས་མོད། འོན་ཀྱང་བོན་ཆོས་ཀྱིས་བོད་བཙན་པོའི་འབངས་ཀུན་གྱི་རྐང་དུ་ཟུག་ཡོད་པས་མྱུར་དུ་དར་རྒྱས་སུ་འགྲོ་མ་ཐུབ། དེ་ལས་ལྡོག་སྟེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་དད་པའི་རྒྱལ་བློན་གྱིས་བོན་ཆོས་ཁྲོད་ཀྱི་ཆོ་ག་དང་བྱ་སྤྱོད་མང་པོ་ཞིག་ནང་འདྲེན་བྱས་ཤིང་། དེར་བརྟེན་ནས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དར་བར་མཛད། བོད་བཙན་པོའི་སྐབས་སུ་ནང་བསྟན་ཆོས་ལུགས་ཀྱིས་བོད་མི་རིགས་ལ་གཅིག་མཐུན་གྱི་བསམ་འཁྱེར་དང་ཐུན་མོང་གི་འགན་ཁུར་ཞིག་ཡོད་པར་ནུས་པ་མི་དམན་པ་ཞིག་བཏོན་ཡོད། འོན་ཀྱང་ཆོས་ལུགས་པའི་སྲིད་ཀྱི་དབང་ཆ་དེ་བློན་ཆེ་ཤོས་རྣམས་ཀྱི་གོ་གནས་ཀྱི་གོང་དུ་སོང་རྗེས་ཁོ་ཚོས་དབར་དབང་ཆ་རྩོད་རེས་དང་ཕན་ཚུན་ལ་འཁོན་སེམས་བྱུང་ངེས། ཁྱད་པར་དུ་རྒྱལ་བློན་སོགས་བོད་འབངས་བྱིངས་སྤྱི་ཚོགས་ཅན་(社会化)དུ་འགྱུར་སྐབས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱིས་སྣེ་སྟོན་བྱས་ཤིང་། སྐྱ་བོའི་སྤྱི་ཚོགས(世俗社会)འདི་འཕེལ་རྒྱས་སུ་འགྲོ་བར་ཆོས་ལུགས་དེ་ནུས་པ་ཆེན་པོ་ཐོན་མི་ཐུབ། དེ་བས་དུས་རབས་བདུན་པ་ནས་དབུ་བརྙེས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རེ་ཞིག་བསྣུབས་ཤིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཀུན་ཏུ་དུས་སྐབས་དེར་བསྟན་པ་སྔ་དར་ཞེས་བརྗོད།

ཟུར་ལྟའི་ཡིག་ཆ།
1 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་པར་ཐེངས།
2 ཆོས་འབྱུང་མཁས་པའི་དགའ་སྟོན།དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།མི་རིགས་དཔེ་སྐྲུན་ཁང་། 2006ལོའི་པར་ཐེངས།
3 རྒྱལ་རབས་གསལ་བའི་མེ་ལོང་།ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2008ལོའི་པར་ཐེངས།
4 བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988ལོའི་པར་ཐེངས།
5 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་པར་ཐེངས།
6 ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 1989ལོའི་པར་ཐང་དང་པོ།
7 མདའ་དང་འཕང་། སྟོད་ཆ། སྨད་ཆ། མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་ཐེངས་དང་པོ།
8 ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1999ལོའི་པར་ཐེངས།
9བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་པར་ཐེངས་དང་བོ།
10 སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1986ལོའི་པར་ཐེངས་དང་པོ།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།