༄༅།།བསྟན་པའི་གཏད་རབས་བདུན་གྱི་བྱུང་བ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2012-10-10 17:51:26    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 
                                    གང་གིས་མཛད་བཟང་བསྟན་པའི་ལྗོན་ཤིང་དག
                                     ཕྱོགས་ཁྱབ་ཡལ་འདབ་མི་ཉམས་སྐྱོང་བ་ལ། 
                                     འཁུར་ཆེན་ཕྲག་པར་བཟོད་པའི་གཏད་རབས་བདུན།
                                     རྒྱལ་བ་དང་མཚུངས་སྤྱི་བོའི་རྒྱན་དུ་བཞུགས།
   བསྟན་པའི་གཏད་རབས་དང་པོ་ནི་འོད་སྲུང་ཡིན་ཞིང་ཉན་ཐོས་འོད་སྲུང་ཆེན་པོ་རིགས་ལ་བྲམ་ཟེ་ནྱ་གྲོ་ངྷ་སྐྱེས་བྱ་བ་འདོད་པ་སྤངས་པ་ཞིག་ཡོད་པས་ཡབ་ཀྱིས་བག་མ་ལེན་པར་བརྩམས་པ་ན་རང་ཉིད་ཀྱིས་འཛམ་བུ་ཆུ་གསེར་ལས་བུད་མེད་བཟོས་ཏེ་འདི་འདྲ་རྙེད་ན་ལེན་ཟེར་ནས་ཡབ་བཅས་ཕྱོགས་བཞིར་ཚད་དུ་བས་བྲམ་ཟེ་སེར་སྐྱའི་བུ་མོ་བཟང་མོ་ཞེས་བྱ་དེ་བས་ལྷག་པ་རྙེད་པས་བག་མར་བཏང་ངོ་། དེ་ནས་དེ་གཉིས་ལོ་མང་མིང་སྲིང་གི་འདུ་ཤེས་ཀྱིས་ཉེ་བར་གནས་ཀྱང་ཚངས་སྤྱོད་དག་པའི་ཁྲིམས་སྲུང་ཕ་མ་གཉིས་འདས་པའི་འོག་ནྱ་གྲོ་ངྷ་སྐྱེས་ཤིང་ལས་སོགས་ཕྱིའི་བྱ་བར་བལྟས། སེར་སྐྱ་བཟང་མོས་ནང་གི་ལས་ལ་བལྟས་པ་ན་ཐམས་ཅད་སྡུག་བསྔལ་བར་མཐོང་ནས་འབྱོར་བ་ཐམས་ཅད་སྦྱིན་པ་དང་གཉེན་བཤེས་ལ་བསྟེར་ནས་བྲན་ཕོ་མོ་དང་དུད་འགྲོ་དག་ཀྱང་འཕོངས་ཀྱིས་མི་གནོད་པར་བྱས་ནས་ཁྱིམ་གྱི་ཕྱི་རོལ་ཏུ་རས་ཡུག་རེ་ཁྱེར་སྟེ་ཅི་བདེར་ལམ་ཞིག་ནས་སོ་སོར་གྱེས་སོ། སེར་སྐྱ་བཟང་མོ་མུ་སྟེགས་རྫོགས་ཕྱེད་ལས་རབ་ཏུ་བྱུང་བ་དང་ཡང་འདོད་པ་ལ་སོགས་སྤྱད་པས་བཞིན་མི་སྡུག་པར་གྱུར་ནས་ངལ་བས་དུབ། ཕྱིས་ནང་པར་ཞུགས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། ནྱ་གྲོ་ངྷ་སྐྱེས་སྟོན་པ་དྲུག་པོས་ལམ་བསྟན་པ་དང་རང་ཉིད་ཀྱིས་དྲིས་ཀྱང་ཡིད་མ་མགུ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བུ་མང་གི་མཆོད་རྟེན་ན་བཞུགས་པ་མཐོང་བས་ཡིད་མགུ་ནས་བདག་གི་སྟོན་པའོ། བདག་ནི་ཁྱོད་ཀྱི་ཉན་ཐོས་སོ་ཞེས་སྟོན་པའི་ཞབས་ལ་ཕྱག་བྱས་པས་སྟོན་པས་ཀྱང་མཐུན་འགྱུར་བཀའ་བསྩལ་ཏེ། ཁས་བླངས་ཀྱི་དེ་ཁོ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བཀའ་བསྩལ་པ། འོད་སྲུང་དེ་ལྟ་བས་ན་འདི་ལྟར་བསླབ་པར་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་འཇིགས་པས་རྗེས་སུ་གནས་པས་བལྟ་བར་བྱའོ། ཞེས་གསུངས་ནས་བསྒོམས་པས་ཉི་མ་དེ་ཉིད་ལ་རྒྱུན་ཞུགས་ཐོབ་ཅིང་ཞག་བརྒྱད་ལས་སློབ་པའི་ལམ་འདས་ཤིང་ཉི་མ་དགུ་པར་དགྲ་བཅོམ་ཐོབ་བོ། ཁྱད་པར་ཐོས་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་ཐོབ་པས་འོད་སྲུང་ཆེན་པོ་ཞེས་གྲགས། སྟོན་པའི་སྣམ་སྦྱར་འོད་སྲུང་ཆེན་པོ་ལ་གནང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་རྟག་ཏུ་གནས་ཤིང་མཆོག་ཏུ་སྟོན་པས་ལུང་བསྟན་ནས་རྒྱལ་ཚབ་ཆེན་པོར་བསྐོས་པ་ཡིན་ནོ། དེ་ནས་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ་དགེ་སློང་གི་དགེ་འདུན་དག་བསྡུས་ཤིག་ཅེས་བགོས་ནས་གནྡི་བརྡུངས་པས་དགྲ་བཅོམ་བ་ལང་མ་གཏོགས་ཐམས་ཅད་འདུས་སོ། མངོན་ཤེས་ཀྱིས་བརྟག་པས་བ་ལང་མ་འབྱོར་བ་མཁྱེན་ནས་གདན་འདྲེན་པར་ཕོ་ཉ་བཏང་བས་སྔར་སངས་རྒྱས་ཞེས་བརྗོད་པ་ལ་ད་ནི་རྒྱལ་བ་འདས་པས་འོད་སྲུང་ལ་སོགས་པ་ཞེས་སྨྲའམ་ཐུགས་རྗེ་ཆེན་པོ་དབྱིངས་སུ་འདས་ནས་མ་ཞུགས་སམ་ཞེས་དྲིས་པས། གང་པོས་བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། །ཁྱོད་ལ་སྡོད་ཅིང་དེ་བརྩོན་བྱེད། །ཅེས་གསུངས་པས། གང་པོ་ལ་ལན་གྱི་ཚིགས་སུ་བཅད་པ་སྨྲས་ཏེ་བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ་གསུངས་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་མྱ་ངན་ལས་འདས་སོ། དེ་ནས་འོད་སྲུང་ཆེན་པོས་ཀུན་དགའ་བ་ལ་དྲི་མ་དང་བཅས་པ་མཁྱེན་ནས་འདུལ་ཕྱིར་འཕགས་པ་མ་འགག་པ་ལ་བསྒོ་བས་མངོན་ཤེས་ཀྱིས་བརྟགས་པས་དེ་ལྟར་མཁྱེན་ནས་ཁྱོད་ལྷན་ཅིག་དགེ་འདུན་གནས་སུ་འདུ་བར་མི་བྱ་གསུང་པ་ཀུན་དགའ་བོས། བདག་འཚོ་བ། སྤྱོད་པ། ལྟ་བ་མི་ཉམས་པས་ཅི་ལགས་ཟེར་བས་འོད་སྲུང་ཆེན་པོས་གསུངས་པ་ཁྱོད་དགེ་འདུན་ལ་ཉེས་པ་བརྒྱད་དམ་བཅུ་བཏོན་ཏེ་གྲལ་ནས་འབུད་པས་བྲི་ཛིའི་ཡུལ་དུ་བྱོན་ཅིང་གནས་དེའི་མཁན་པོ་ཞིག་གི་རྩར་ཞུགས་པས་གཡོག་ཞིག་གིས། གོ་ཏམ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་ཐིབས་པོ་བརྟེན་ནས་མྱ་ངན་འདས། ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང་། རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་གྱུར། །ཞེས་ཞུས་པས་ཐུགས་མཉམ་པར་གཞག་པས་སྒྲིབ་པ་སྦྱངས་ཏེ་དགྲ་བཅོམ་པ་ཐོབ་པས་འོད་སྲུང་ཆེན་པོ་དང་བཅས་དགྲ་བཅོམ་ལྔ་བརྒྱ་འདུས་ནས་སྟོན་པའི་བཀའ་འསྡུ་བར་གྲོས་ནས་སྔར་མདོ་སྡེ་བསྡུ་བར་བསྐོས་ནས་སེང་གེའི་ཁྲི་བཤམས་དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་བཏིང་ནས་ཆོས་ཀྱི་ཚུལ་དང་མཐུན་པར་འཕགས་པ་ཀུན་དགའ་བོ་ཁྲི་ལ་བཞུགས། སྟོན་པའི་རྣམ་ཐར་དྲན་བཞིན་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་རཱཎསཱིའི་དྲང་སྲོང་སྨྲ་བ་རི་དྭགས་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ། ཞེས་མདོ་སྡེ་ཚངས་པའི་དབྱངས་ཀྱི་བསྒྲོག་པས་ལྷ་དང་མི་དང་ལྷ་མིན་དང་བཅས་པ་སངས་རྒྱས་དྲན་བཞིན་གཟིར་བར་གྱུར། ལ་ལ་ཆོས་ཉིད་ཡིད་ལ་ཕྱེད་པ་སོགས་བཀའ་བསྡུ་དང་པོའི་ཚུལ་དང་བཅས་པ་དང་། གཉིས་པ་འཕགས་པ་ཉེ་བར་འཁོར་གྱིས་འདུལ་བ་བསྡུ་བ་པོར་བསྐོས་ནས་སྔར་བཞིན་ཁྲི་ལ་བཞུགས་ནས་སྟོན་པས་གཤམ་ཐབས་ཟླུམ་པོར་གོ་བར་བྱའོ་ཞེས་བསླབ་པ་བསྡུས་པས་ལོ་བཅུ་གཉིས་ཀྱི་བར་དགེ་འདུན་ལ་ལྟུང་བའི་སྒོ་མི་བྱུང་བར་གསུངས། དེ་ནས་གསུམ་པ་ཉན་ཐོས་ཆེན་པོ་འཕགས་པ་འོད་སྲུང་ཁྲི་ལ་བཞུགས་ནས་མངོན་པ་བསྡུས་པ་སོགས་བསྟན་པའི་བྱ་བ་ལེགས་པར་བསྒྲུབས་ཟིན་ནས་མ་འོངས་སངས་རྒྱས་བྱམས་པའི་བསྟན་པ་མ་ཤར་བར་རྒྱ་གར་ལྷོ་རི་བྱ་རྐང་ཅན་དུ་བྱོན་ནས་རི་གསུམ་གྱི་དབུས་སུ་རྟགས་ལེགས་པར་མཛད་ནས་སྐུ་ཚེ་འདུ་བྱེད་བཏང་སྟེ་མྱ་ངན་ལས་འདས་སོ། །
  ཀུན་དགའ་བོ་ནི་བསྟན་རབས་གཉིས་པ་ཡིན་ཞིང་བཅོམ་ལྡན་འདས་ཀྱི་འོད་སྲུང་ཆེན་པོ་ལ་བསྟན་པ་གཏན་ནས་ཇི་ལྟར་སྐྱོང་ཚུལ་ལེགས་པར་གསུངས་ཏེ་མྱ་ངན་ལས་འདས་པས་འཕགས་པ་འོད་སྲུང་ཆེན་པོས་དེ་བཞིན་བསྐྱངས་ཤིང་བྱ་བ་ལེགས་པར་ཟིན་ནས་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་དེ་གཤེགས་སོ། ཀུན་དགའ་བོ་ནི་རྒྱལ་པོ་མ་སྐྱེས་དགྲ་འམ་མཐོང་ལྡན་དགེ་བ་ཞེས་བྱ་བས་སངས་རྒྱས་དངོས་དང་འདྲ་བའི་ཉན་ཐོས་སོ་ཞེས་བསྟོན་ཅིང་བསྔགས་ལ་ལོ་ལྔའི་བར་དུ་འཚོ་བའི་ཡོ་བྱད་ཐམས་ཅད་སྦྱར་སྟེ་སྒྱུ་མ་མཁན་བརྟུལ་བྲམ་ཟེ་ལྔ་བརྒྱ་བདེན་པ་ལ་བཀོད། དུས་གཞན་ཞིག་ན་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ། ཁྱིམ་བདག་ཤ་ནའི་གོས་ཅན་གྱིས་དགེ་འདུན་རྣམས་ལ་དུས་སྟོན་བྱས་སོ། དེའི་ཚེ་འཕགས་པ་ཀུན་དགའ་བོས་ཁྱེད་ནི་ཟང་ཟིང་གི་བསྡུ་བ་བྱས་ཟིན་གྱི་ད་ནི་ཆོས་ཀྱི་བསྡུ་བ་བྱོས་ཤིག དེས་ཀྱང་འཕགས་པའི་བཀའ་ལྟར་བགྱིས་སོ་ཞེས་ཁས་བླངས་ནས་བསྙེན་པར་རྫོགས་ཏེ་རིམ་གྱིས་སྡེ་སྣོད་གསུམ་འཛིན་པ་དང་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་རོ། དེ་ནས་འཕགས་པ་ཀུན་དགའ་བོས་དགྲ་བཅོམ་པ་ཤ་ནའི་གོས་ཅན་ལ་གསུངས་པ་སྟོན་པ་ཆེན་པོས་འཕགས་པ་འོད་སྲུང་ལ་གཏད། འོད་སྲུང་ཆེན་པོས་ང་ལ་གཏད་པས་ད་ནི་ཁྱེད་ལ་བསྟན་པ་གཏད་དེ་ཁྱེད་ཀྱིས་རྗེས་སུ་གྲོང་ཁྱེར་བཅོམ་བརླག་གི་བུ་ཉེར་སྦས་ལ་གཏད་ལ་རབ་ཏུ་བྱུང་བར་གྱིས་ཤིག་གསུང་ནས་མྱ་ངན་འདས་སོ། །
  འཕགས་པ་ཤ་ནའི་གོས་ཅན་ནི་གོང་དུ་ཞུས་པ་ལྟར་འཕགས་པ་ཀུན་དགའ་བོའི་དྲུང་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ཤིང་སྡེ་སྣོད་གསུམ་འཛིན་པ་ལ་སོགས་པའི་བསྟན་པའི་བྱ་བ་རྣམས་སྐུ་ཚེ་སྟོད་དུ་ནོར་གྱིས་བསྒྲུབ། སྐུ་ཚེ་སྨད་དུ་འཕགས་པ་ཀུན་དགའ་བོའི་བཀའ་བསྒོས་པ་བཞིན་མཛད་པས་རྣམ་པར་གྲོལ་བ་ཐོབ་པར་གྱུར། འཕགས་པ་ཀུན་དགའ་བོས་དགེ་འདུན་ཁྲི་ཕྲག་ཙམ་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ནས་མྱ་ངན་འདའ་བར་བཞེད་པ་ལ་རྒྱལ་པོ་མ་སྐྱེས་དགྲའི་གམ་དུ་མངགས་པ་དང་ལི་ཙ་བི་རྣམས་དང་རྒྱལ་པོ་གཉིས་གདུང་སྐལ་ཐོབ་པ་ལ་བརྩོན་པས་རྫུ་འཕྲུལ་གྱི་གླིང་སྤྲུལ་ནས་བཞུགས་ཤིང་དུས་ཡུན་ཐང་ངུ་ཞིག་ནང་རབ་བྱུང་བསྙེན་རྫོགས་མཛད་པས་དགྲ་བཅོམ་འབྲས་བུ་ཐོབ་པ་ལ་བཀོད། སྐབས་དེར་དགྲ་བཅོམ་ཉི་མ་གུང་རྒྱལ་བྱ་བ་ཡང་བྱུང་ཞིང་ཁ་ཆེའི་ཡུལ་དུ་ཀུན་དགའ་བོས་གཏོང་བར་མཛད། དེ་ནས་འཕགས་པ་ཤ་ནའི་གོས་ཅན་མཉན་ཡོད་ན་བཞུགས་ཏེ་འཁོར་རྣམ་བཞི་ལ་ཆོས་བསྟན་པས་དགྲ་བཅོམ་སྟོང་ལ་ཉེ་བ་བྱུང་བས་འཕྲིན་ལས་ཤིན་ཏུ་འཕེལ་བ་ལ་མི་མ་ཡིན་རྣམས་ཀྱི་རིམས་ནད་གདུག་པ་ཅན་བཏང་བས་སྐྱེ་བོ་ནད་ཀྱིས་མནར་སྟེ་སྨན་པས་ཕན་མི་གཏུབ་པར་འཕགས་པ་ཤ་ནའི་གོས་ཅན་སྤྱན་དྲངས་པས་རྫུ་འཕྲུལ་གྱིས་བརྟུལ་ནས་བདེ་བར་མཛད་དེ་ཡུལ་མི་རྣམས་བསླབ་པའི་གཞི་ལ་འགོད་པར་མཛད། དེ་ནས་དུར་ཁྲོད་བསིལ་བ་ཚུལ་དུ་བྱོན་པས་འཁོར་རྣམས་མི་སྡུག་པའི་ཏིང་ངེ་འཛིན་ཐོབ་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ། དེ་ནས་སྤོས་འཚང་གི་བུ་ཉེར་སྦས་བསྙེན་པར་རྫོགས་པས་ཞག་བདུན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་ཅིང་འཕགས་པ་ཀུན་དགའ་བོས་ང་ལ་བསྟན་པ་གཏད་ཅིང་ངས་ཁྱོད་ལ་གཏོད་པར་ལུང་བསྟན་ཡོད་པས་བསྟན་པ་གཅེས་པར་སྐྱོངས་ཤིག་གསུངས་ནས་འཕགས་པ་ཉེར་སྦས་ལ་བསྟན་པ་གཏད་དེ་ཡུལ་ཙམ་པ་ཁར་འདས་སོ། །
  འཕགས་པ་ཉེར་སྦས་ཆེན་པོ་འདི་ཉིད་འཕགས་པ་དགྲ་བཅོམ་པ་ཤ་ནའི་གོས་ཅན་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གདམས་པ་མནོས་ནས་བསྒོམས་པས་བསམ་གཏན་ཅན་བྱ་བའི་མཆོག་དང་ཡུལ་དེའི་སྐྱེ་བོ་འབུམ་ཕྲག་མང་པོར་ཆོས་བསྟན་པས་བདུད་ཀྱི་རིགས་རྣམས་ཀྱིས་གནོད་ཅིང་འཚེ་བར་བྱས་ཏེ་ནོར་གྱི་ཆར་ཉིན་ལྔ་པར་རིན་ཆེན་ལ་སོགས་ཕབ་ནས་སྐྱེ་བོའི་བློ་ཆོས་མིན་འདིད་ལོག་ཏུ་ཁྲིད་པས་འཕགས་པས་རྫུ་འཕྲུལ་གྱིས་བརྟུལ་ནས་དེ་དག་མི་སྡུག་པ་གཟུགས་ཅན་དུ་བསྒྱུར་སྟེ་ཡིད་བཀུག ཕྱོགས་བཞིའི་སྐྱེ་བོ་རྣམས་ལ་སྔར་བཞིན་ཆོས་བསྟན་པས་བདེན་པ་མཐོང་བའང་འབུམ་ཕྲག་བྱུང་ཞེས་གླེང་སྐབས་དེར་ཡུལ་འཕགས་རྒྱལ་དུ་གྲགས་པ་དེར་བྲམ་ཟེ་ནོར་མང་བ་ཞིག་ལ་བུ་ངྷི་ཏི་ཀ་ཞེས་བྱ་བ་ཡོད་པ་རིག་བྱེད་བཞི་སོགས་རིག་པའི་གནས་བཅོ་བརྒྱད་ལ་མཁས་པ་འཁོར་བྲམ་ཟེ་ལྔ་བརྒྱ་ལྡན་པ་ཞིག་དུས་གཞན་ཞིག་ན་བཅོམ་བརླག་ཏུ་སོང་བས་འཕགས་པ་ཉེར་སྦས་ལས་ཆོས་ཐོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ངྷི་ཏི་ཀ་འཁོར་བཅས་གདམས་ངག་རྣམ་པ་བདུན་བསྟན་པས་བྲམ་ཟེ་ལྔ་བརྒྱ་དགྲ་བཅོམ་ཐོབ། སྐབས་དེར་འཕགས་པ་ཉེར་སྦས་བསྟན་པ་སྐྱོང་བ་ལ་འཕྲིན་ལས་ཆེ་བས་མཚན་བཟང་ཙམ་མ་གཏོགས་རྒྱལ་བ་སྟོན་པ་ཉིད་དང་མཚུངས་པར་ལུང་བསྟན། རྒྱ་གར་ནང་བྱང་ཆུབ་ཆེན་པོའི་ཕོ་བྲང་ཡང་འཕགས་པ་ཉེར་སྦས་ཀྱི་དུས་སུ་མཧ་བཱ་ལ་དང་བྲམ་ཟེ་མོ་ཛ་ས་ལ་བུ་གསུམ། རྒྱལ་བ་དང་། ལགས་རྒྱལ། དགེ་བ་གསུམ་སོ་སོས་ལྷ་ཁང་དང་གཙུག་ལག་ཁང་རེ་བཞེངས་པས་ཆུང་བའི་གཙུག་ལག་ཁང་བྱང་ཆུབ་ཆེན་པོའི་ཕོ་བྲང་འདི་ཉིད་སྟོན་པ་འདས་ནས་ལོ་བརྒྱར་ཉེ་བ་ན་བཞེངས་སོ། དེ་ནས་འཕགས་པ་མྱ་ངན་ལས་འདའ་བར་དགོངས་ནས་བསྟན་པ་ངྷི་ཏི་ཀ་ལ་གཏད་ནས་མྱ་ངན་ལས་འདས་སོ། །
  འཕགས་པ་ངྷི་ཏི་ཀ་ཡུལ་འཕགས་རྒྱལ་དུ་ནོར་མང་བ་ཞིག་ལ་འཁྲུངས་ཤིང་རིག་བྱེད་བཞི་སོགས་རིག་པའི་གནས་བཅོ་བརྒྱད་ལ་མཁས་ཤིང་འཕགས་པ་ཉེར་སྦས་ལས་རབ་ཏུ་བྱུང་ནས་བསྙེན་པར་རྫོགས། འཁོར་ལྔ་བརྒྱ་དང་བཅས་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཅིང་ཐོ་གར་གྱི་རྒྱལ་པོ་མི་ན་ར་ཞེས་བྱ་བས་ལྷར་མཆོད་སྐབས་འཕགས་པ་ངྷི་ཏི་ཀ་འཁོར་ལྔ་བརྒྱ་ནམ་མཁའ་ནས་མཆོད་པར་སར་བྱོན་པས་ལྷར་འདུ་ཤེས་སྐྱེས་ཏེ་ཕྱག་མཆོད་བྱས་པར་འཕགས་པས་ཆོས་བསྟན་ནས་སྐྱེ་བོ་སྟོང་ཕྲག་མང་པོས་བདེན་པ་མཐོང་གཞན་དག་ཀྱང་བསླབ་པའི་གནས་ལ་བཀོད་ཅིང་དགྲ་བཅོམ་ཐོབ་པའང་སྟོང་ཙམ་བྱུང་། དེ་ནས་བྲམ་ཟེ་ཉི་མ་མཆོད་པ་ནོར་ཕྱུག་པ་ཞིག་ཆོས་ལ་བཙུད་ནས་དགེ་འདུན་གྱི་འཚོ་བ་སྦྱོར་བ་གཙུག་ལག་ཁང་བཞེངས་པ་གཅིག་བྱུང་། དེ་ནས་ཡང་བྲམ་ཟེ་ཞིག་བ་གླང་དག་བསད་ནས་ཆོས་སྦྱིན་བྱེད་མཁན་ཞིག་བཏུལ་ཏེ་ལས་འབྲས་ཀྱི་ཆོས་བཤད་ནས་བདེན་པ་ལ་བཀོད་པས་རྫས་ལས་བྱུང་བའི་བསོད་ནམས་བདུན་ལ་བརྩོན་པར་བྱེད་དོ། དུས་དེ་ཙམ་ན་རྒྱལ་པོ་མྱ་ངན་མེད་གཉིས་ལས་དང་པོ་སྐྱེས་ནས་ཡུན་རིང་མ་སོང་བའི་དུས་སོ་ཞེས་གསུངས་སོ། དེ་ལྟར་འཕགས་པ་ངྷི་ཏི་ཀས་བསྟན་པ་ཡུན་རིང་བསྐྱངས་ནས་བསྟན་འགྲོའི་དོན་མཛད་དེ་དགོངས་པ་གཞན་དུ་གཏད་པས་ཚོང་དཔོན་གྱི་བུ་འཕགས་པ་ནག་པོ་བ་ལ་བསྟན་པ་གཏད་ཏེ་ཡུལ་འཕགས་རྒྱལ་དུ་ཞི་བར་གཤེགས་སོ། །
  ནག་པོ་བ་ནི་ཚོང་གཉེར་གྱི་རིགས་ཡིན་ཞིང་ནོར་ཕྱུག་པ་ཞིག་ཡིན་པ་ལ་འཕགས་པ་ངྷི་ཏི་ཀ་ལ་དད་ཅིང་ཆོས་ཉན་པས་དགྲ་བཅོམ་པའི་འབྲས་བུ་ཐོབ། བསྟན་པ་བསྐྱངས་ཏེ་འཁོར་རྣམ་བཞི་ལ་ཆོས་བསྟན་པས་འབྲས་བུ་བཞི་ཐོབ་པ་མང་པོ་བྱུང་། ནམ་ཞིག་ཁ་ཆེའི་ཡུལ་ནས་བྲམ་ཟེའི་རིགས་དགེ་སློང་གནས་བརྟན་ཞེས་བྱ་བ། གདུག་པ་ཁྲོ་གཏུམ་པ། མང་དུ་ཐོས་ཀྱང་ལྟ་བ་ངན་པ་འགོད་པ་བདག་ཏུ་ལྟ་བ་ལ་མངོན་པར་དགའ་བ་ཡུལ་ཀུན་ཏུ་རྒྱུ་དེའི་ཚེ་ན་པུསྐ་ར་ཎི་བྱ་བའི་གཙུགས་ལག་ཁང་ཞིག་ཡོད་པ་དེར་དགེ་སློང་གི་དགེ་འདུན་ཐམས་ཅད་འདུས་པས་འཕགས་པ་ནག་པོ་བས་ཟླ་བ་གསུམ་ཙམ་རིང་བདག་མེད་པའི་ཆོས་བསྟན་པས་སོ་སོའི་སྐྱེ་བོ་སྟོང་ཕྲག་མང་པོ་ལྟ་བ་ངན་པ་ལ་ཞུགས་པ་བློ་སྣ་བསྒྱུར་ཏེ་དད་པ་ཐོབ། དགེ་སློང་གནས་བསྟན་རིགས་པས་ཚར་བཅད་སྐབས་དེར་ཚོང་པ་ཞིག་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་ཞིག་ཕུལ་བས་རྒྱལ་པོ་ཁྲི་བརྟན་བྱ་བས་ཅི་ཡིན་ཟེར་བར་ཐུབ་པའི་དབང་པོ་ནས་འཕགས་པ་ནག་པོ་པའི་བར་གྱི་རིམ་བརྒྱུད་ཡོན་ཏན་གྱི་ཆེ་བ་བརྗོད་པས་རྒྱལ་པོ་དད་ནས་གདན་དྲངས་ཤིང་འོད་ཟེར་འཕྲོག་ཅིང་ཆོས་བསྟན་པས་འབྲས་བུ་ཐོབ་པ་མང་པོ་བྱུང་། དེ་ནས་སྐྱ་སེང་གི་རིགས་ལས་བྱུང་བའི་རྒྱལ་རིགས་མཐོང་བ་ཞེས་བྱ་བ་ལ་སྲས་ཤིག་ཡོད་པ་ལེགས་མཐོང་ཞེས་མིང་བཏགས་སོ། དེར་རྟག་ཏུ་རྩེ་བའི་སྐྱེད་མོས་ཚལ་དང་བུད་མེད་མཆོག་དང་དེ་རེ་ལ་གཡོག་འཁོར་དང་རོལ་མོའི་སྒྲ་དང་གླུ་མ་སོགས་དཔག་ཏུ་མེད་པ་ཡོད་བཞིན་ལོངས་སྤྱོད་ན་རྟག་ཏུ་བདེ་བས་འཚོ་བར་བྱེད་དོ། དུས་ནམ་ཞིག་ན་ལེགས་མཐོང་ལམ་བར་འགྲོ་བའི་ཚེ་འཕགས་པ་དགྲ་བཅོམ་པ་སུ་ཀ་ཡ་ན་ཞེས་བྱ་བ་འཁོར་མང་པོ་གྲོང་ཁྱེར་དུ་འཇུག་པ་མཐོང་བས་ལྷག་པར་དད་དེ་ཕྱག་བྱས་ནས་འདུག་གོ། འཕགས་པས་ཆོས་བསྟན་པས་ལེགས་མཐོང་སྟན་ལ་འཁོད་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱང་ཕས་རབ་ཏུ་བྱུང་བ་མ་གནང་བས་རང་ཉིད་ཀྱིས་ཆོ་འཕྲུལ་བསྟན་པས་དད་ནས་ཁས་བླངས། དེའི་རྗེས་འཕགས་པ་ནག་པོ་ལ་སློབ་དཔོན་དུ་བསྟེན་ནས་ལྷན་ཅིག་གནས་པའི་ཚུལ་གྱིས་ཡུན་རིང་ཞུགས་པ་ལས་འཕགས་པ་ནག་པོ་བས་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་ནས་བྱང་ཕྱོགས་ཡུལ་ཀུ་ཤ་བ་ན་ཞེས་བྱ་བར་མྱ་ངན་ལས་འདས་སོ། །
  ལེགས་མཐོང་ཆེན་པོ་རིགས་དང་འཁོར་གོང་དུ་ཞུས་པ་དེ་ཡིན་ལ་འཕགས་པ་ལེགས་མཐོང་ཆེན་པོས་འཁོར་རྣམ་བཞི་ལ་ལུང་གི་ཆོས་བསྟན་ཏེ་བསྟན་པ་བསྐྱངས་ནས་ཞུགས་པའི་སྐབས་དེར་རྒྱ་གར་ནུབ་ཡུལ་ན་གནས་གནོད་སྦྱིན་གདུག་པ་ཅན་ཞིག་མཐུ་དང་རྫུ་འཕྲུལ་ཆེ་བ་ཡོད་པ་ལ་ཡུལ་མི་རྣམས་ལ་མི་ངས་ཆེན་པོ་བཏང་ནས་འཚོ་བར་བྱེད་ཅིང་། གནས་མི་བཅའ་བར་བཟོས་པས་བྲོས་པར་བརྩམས་ཀྱང་འཇིགས་པའི་གཟུགས་ཀྱིས་ལམ་བཀག་པ་དང་སྐྱེ་བོ་རྣམ་ཀྱི་ཉིན་རེ་ལའང་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་འཁོར་ལོ་བཟའ་བཅས་བཀང་ནས་འབུལ་བ་བྱེད་པ་སོགས་གཏོར་འབུལ་བྱ་དགོས་པར་གྲགས་། དེ་ནས་དུས་གཞན་ཞིག་ན་འཕགས་པ་ལེགས་མཐོང་གིས་དེ་འདུལ་བའི་དུས་ལ་བབས་པར་གཟིགས་ཏེ་གམ་དུ་ཕྱིན་ནས་བསོད་སྙོམས་བླངས་ཤིང་བཞེས་པས་གནོད་སྤྱིན་བསམ་པར་འདི་དགེ་སློང་འཁྱམས་པོ་ཞིག་དང་ཡང་ན་མུ་ལྟོ་མཁན་ལྟ་བུར་གོ་བས་འཕགས་པས་ལྷུང་བཟེད་བཀྲུས་པའི་ཁུ་བ་གནས་དེར་ཕོ་བས་ཤིན་ཏུ་ཁྲོས་ནས་རྡོ་དང་མཚོན་ཆར་ལྟར་ཕབ་ཀྱང་འཕགས་པ་བྱམས་པའི་ཏེང་ངེ་འཛིན་གྱིས་མི་གནོད་པར་གྱུར་། འཕགས་པས་ཆོ་འཕྲུལ་བསྟན་ནས་ཕྱོགས་ཐམས་ཅད་དུ་མེ་འབར་བས་ཤིན་ཏུ་འཇིགས་ནས་སྐྱབས་སུ་གསོལ་བས་བསླབ་པའི་གཞི་ལ་བཀོད། དེའི་འཁོར་དང་ས་བདག་ཀླུ་ངན་དཀར་ཆོས་ལ་མི་དད་པ་རྣམས་ཀྱང་ལྷན་དུ་བཏུལ་ནས་བསླབ་པའི་གནས་ལ་བཀོད། དེ་ནས་འཕགས་པ་ལེགས་མཐོང་ཆེན་པོ་ལྷོ་ཕྱོགས་སུ་བྱོན་ཅིང་དགེ་འདུན་གྱི་སྡེ་མང་པོ་འཕེལ་ཞིང་གླིང་ཕྲན་མང་པོར་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། སྐལ་ལྡན་མང་པོ་དགེ་བའི་ལས་ལ་བཀོད་དེ་བསྟན་པའི་བྱ་བ་རྣམས་ལེགས་པར་བསྒྲུབས་ཟིན་ནས་འཕགས་པ་ལེགས་མཐོང་ཆེན་པོ་ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། དེ་ཡང་། ལུང་ཕྲན་ཚེགས་ལས། ལེགས་པར་གསུངས་མཛད་ཐུབ་པའི་དབང་པོ་དང་། །འོད་སྲུང་ཀུན་དགའ་ཤ་ནའི་གོས་ཅན་དང་། །ཉེ་སྦས་ངྷི་ཏི་ཀ་དང་ནག་པོ་བ། །ལེགས་མཐོང་ཆེན་པོ་སྟོན་པའི་གཏད་རབས་བདུན། །ཞེས་གསུངས་སོ། དེ་ལྟ་བུའི་སྟོན་པས་བསྟན་པ་གཏད་པའི་རབས་དེ་དག་སྙིང་རྗེ་པད་དཀར་ལས་ཀྱང་གསུངས་སོ། ཞེས་མཁས་དབང་དམ་པ་རྣམས་ཀྱིས་གསུང་སོ། དེ་ནས་འཕགས་པ་ལེགས་མཐོང་ཆེན་པོས་བསྟན་པ་གང་ལ་གཏད་ཅེ་ན། དེ་ཡང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ལས། འཕགས་པ་ལེགས་མཐོང་ཆེན་པོས། བི་བྷ་ག་ལ། དེས་བཙུན་པ་བུ་ངྔྷ་ན་ནྟི། དེས་བུ་ངྔྷ་མི་ཏྲ་དེས་དགེ་སློང་རྩིབས། དེས་པཱུ་ཤ་ནཱ་ད། དེས་རྟ་སྐད། དེས་མ་ཤི་བ། དེས་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟན་པ་གཏད་པར་གསུངས་ཤིང་འདི་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཤིང་རྟ་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་རྣམ་གཉིས་གཙོས་པའི་པཎ་ཆེན་བཅུ་བདུན་ནི་ཕ་ལམ་གྱི་རིམ་པ་མཐོན་པོར་གཤེགས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཟླ་མེད་དཔལ་དུ་གྱུར་པ་ཤ་སྟག་བྱུང་པ་རྣམ་ཐར་ཡོངས་གྲགས་ཆེ་བས་མ་བྲིས་པས་གཞན་དུ་ཤེས་པར་བྱའོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།